བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གཏོར་བསྔོ་ཕྲིན་ལས་མྱུར་མགྱོགས།

English | བོད་ཡིག

༄༅། །གཏོར་བསྔོ་ཕྲིན་ལས་མྱུར་མགྱོགས་བཞུགས་སོ། །

 

མཆོད་གཏོར་རྣམས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་ལན་གསུམ་གྱིས་གཏོར་མ་སྦྱངས་སྤེལ་བྱ།

ཧཱུྃ། སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས། །

བསྟན་སྲུང་མ་ཧཱ་ཀཱ་ལ་ནི། །

དཔལ་ལྡན་རྡོ་རྗེ་གུར་གྱི་མགོན། །

ཡུམ་ཆེན་ཨེ་ཀ་ཙ་ཊི་དང་། །

ལྷ་མོ་འདོད་ཁམས་དབང་ཕྱུག་མ། །

དམ་ཅན་པཱུ་ཏྲ་མིང་སྲིང་དང་། །

གཉན་མགོན་ཆེན་པོ་ཞལ་བཞི་པ། །

ཡུམ་ཆེན་སྲིང་མོ་བཞི་ལ་སོགས། །

བསྟན་སྲུང་འཁོར་དང་བཅས་པ་རྣམས། །

མཆོད་གཏོར་གསེར་སྐྱེམས་རྒྱ་ཆེན་དང་། །

རྟེན་རྫས་བསྐང་རྫས་སྒྲུབ་རྫས་སོགས། །

དངོས་འབྱོར་ཡིད་སྤྲུལ་དཔག་མེད་ཀྱིས། །

མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །

ཨེ་ཀ་ཛ་ཊིའི་ཐུགས་དམ་བསྐང་། །

འདོད་ཁམས་ལྷ་མོའི་ཐུགས་དམ་བསྐང་། །

ཞིང་སྐྱོང་དབང་ཕྱུག་གདོང་བཞི་པ། །

ཡུམ་ཆེན་སྲིང་མོ་བཞི་དང་བཅས། །

ཐུགས་དམ་གཉན་པོ་དགྱེས་པར་བསྐང་། །

བཀའ་སྡོད་རྒྱུད་གསུམ་དྲེགས་པའི་ཚོགས། །

འཁོར་དང་བཅས་པའི་ཐུགས་དམ་བསྐང་། །

ཐུགས་དང་འགལ་འཁྲུལ་ཉམས་ཆགས་བཤགས། །

སངས་རྒྱས་བསྟན་དང་བསྟན་འཛིན་རྣམས། །

དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །

བདག་ཅག་ཡོན་མཆོད་འཁོར་བཅས་ལ། །

བྱད་ཕུར་རྦོད་གཏོང་གནོད་པ་བཟློག །

འབྱུང་པོ་གདུག་པས་མི་འཚེ་ཞིང་། །

ནད་རིམས་འཁོན་འཁྲུགས་ཞི་བ་དང་། །

ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །

ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །

བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །

རྟག་ཏུ་མི་འབྲལ་སྲུངས་སྐྱོབས་མཛོད། །

 

ཅེས་པའང་དྷཱ་ཀི་ཚེ་རིང་ཆོས་སྒྲོན་གྱིས་ལྷ་རྫས་བཅས་ཐུགས་དམ་བྱ་རྒྱུར་གསུང་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་དཔལ་ས་སྐྱའི་མགོན་ཁང་བསེ་འབག་ཡིད་བཞིན་ནོར་བུའི་དྲུང་དུ་བྲིས་པ་ཤིན་ཏུ་བྱིན་ཆེ་ཞིང་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Mahākāla (Vajra Pañjaranātha)

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept