The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Guru Padma Yoga—Tibetan

English | བོད་ཡིག

༄༅། །གུ་རུ་པདྨའི་རྣལ་འབྱོར།

 

ཨེ་མ་ཧོ།

རང་སྣང་དག་པའི་མདུན་མཁའ་རུ། །

རྩ་བའི་བླ་མ་པདྨ་འབྱུང་། །

སྐྱབས་ཀུན་འདུས་པའི་བདག་ཉིད་ལ། །

སྙིང་ནས་གསོལ་འདེབས་བྱིན་གྱིས་རློབས། །

རྐྱེན་ངན་བར་ཆད་ཞི་བ་དང་། །

བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ། །

དུས་མིན་འཆི་བས་མི་ཚུགས་ཤིང་། །

འདི་དང་ཕྱི་མ་ཐམས་ཅད་དུ། །

གུ་རུས་རྗེས་སུ་བཟུང་དུ་གསོལ། །

གསོལ་འདེབས་ནི། །

ཕྱི་ལྟར་རྒྱལ་སྲས་ཆོས་ཀྱི་བློ་གྲོས་སོགས་ཅི་རིགས་བཟླ།

ཕྱི་ལྟར་རྒྱལ་སྲས་ཆོས་ཀྱི་བློ་གྲོས་རྗེ། །

ནང་ལྟར་འཇམ་དཔལ་དྲི་མེད་བཤེས་གཉེན་ཞབས། །

གསང་བ་མཚན་རྫོགས་ཧེ་རུ་ཀ་དཔལ་ལ། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

 

དེ་ནས་བཟླས་པ་སིདྡྷི་ཅི་ནུས་བཟླའོ། །

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

རྗེས། །

བླ་མ་འོད་ཞུ་རང་ལ་ཐིམ། །

དབྱེར་མེད་བྱིན་གྱིས་བརླབ་པར་གྱུར། །

ཞེས་གནས་ལུགས་ངང་ལ་བཞག མཐར་དགེ་བསྔོ་བཀྲ་ཤིས་བྱའོ། །

 

ཞེས་པའང་འཇིགས་མེད་ཕྲིན་ལས་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmasambhava

This website uses cookies to collect anonymous usage statistics and enhance the user experience.
Decline
Accept