In Praise of Kālīdevī—Tibetan

Literary Genres › Praise | Deities › Dharma Protectors | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Śrīdevī (Makzor Gyalmo)

༄༅། །དཔལ་ཀཱ་ལཱི་དེ་ཝིར་བསྟོད་པ་དཔལ་ལྷ་དགྱེས་པའི་དབྱངས་སྙན་བཞུགས་སོ།།

 

ན་མོ་ཤྲཱི་མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ།

 

དཔལ་ཆེན་ཐུགས་ལས་སྤྲུལ་པའི་ལྷ་མོ་ནི། །

བདག་མེད་སྟོང་པ་དོན་དམ་ཆོས་ཀྱི་དབྱིངས། །

རྣམ་པ་ཀུན་གྱི་མཆོག་དང་རབ་ལྡན་མ། །

འཁོར་འདས་ཀུན་ཁྱབ་ཀུན་ཏུ་བཟང་མོར་བསྟོད། །

 

དེ་བཞིན་ཉིད་དབྱིངས་སྤྲོས་མཚན་མི་རྟོག་ཀྱང་། །

སྐྱེ་མེད་ངང་ལས་སྐྱེ་བའི་ཆོ་འཕྲུལ་སྟོན། །

ཞི་དང་ཁྲོ་ཆགས་སྣ་ཚོགས་རབ་བསྒྱུར་མ། །

མིང་བརྒྱ་མཚན་སྟོང་མ་ལ་བསྟོད་པར་བགྱི། །

 

ལྷ་མོ་པརྞ་ཤ་བ་རི་དང་ནི། །

གཽ་རཱི་བརྒྱད་སོགས་རྣམ་འགྱུར་ཅིར་ཡང་འཆར། །

སྲིད་གསུམ་དབང་བསྒྱུར་རྡོ་རྗེ་འཕྲུལ་མོ་ཆེ། །

དཔལ་ལྡན་དབྱིངས་ཀྱི་རྒྱལ་མོར་ཕྱག་འཚལ་བསྟོད། །

 

སྣང་སྲིད་འབྱུང་ཆེན་ལྔ་པོའི་རང་བཞིན་ནི། །

སྲ་མཉན་དྲོ་དང་སྐྱོད་བྱེད་བདག་ཉིད་ཆེ། །

དུས་བཞིའི་དཔལ་འཛིན་ནམ་མཁའི་གོས་ཅན་མ། །

འཁོར་འདས་སྐྱེད་བའི་ཡུམ་ཆེན་མ་ལ་བསྟོད། །

 

རྡོ་རྗེ་བཙུན་མོའི་ཆུ་སྐྱེས་རྒྱས་པའི་དབུས། །

རབ་འབྱམས་དཀྱིལ་འཁོར་ཏིལ་གྱི་གོང་བུ་བཞིན། །

རྟག་ཏུ་བཞུགས་པའི་འོག་མིན་གསང་བ་ཆེར། །

གསང་འཛིན་དབང་མོ་རྣལ་འབྱོར་མ་དཔལ་བསྟོད། །

 

ངོ་བོ་རང་བཞིན་མེད་ཅིང་བདག་རྟོག་སྤངས། །

སྤྲོས་པའི་མཚན་མ་ཐམས་ཅད་ཉེར་ཞི་ཞིང་། །

འོད་གསལ་རྣམ་པ་ཀུན་གྱི་མཆོག་ལྡན་མ། །

ཤེས་རབ་ཕ་རོལ་ཕྱིན་མའི་ངོ་བོར་བསྟོད། །

 

སྟོང་པའི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་པ། །

ལོངས་སྤྱོད་ཡོངས་རྫོགས་དེ་བཞིན་གཤེགས་མ་ལྔ། །

ས་དང་ཕ་རོལ་ཕྱིན་བཅུའི་རྩེ་མོར་ཕྱིན། །

དཔལ་ལྡན་རང་བྱུང་རྒྱལ་མོར་ཕྱག་འཚལ་བསྟོད། །

 

ཧེ་རུ་ཀ་དང་དྲེགས་པའི་ལྷ་ཆེན་སོགས། །

གཅིག་ཏུ་མ་ངེས་ཐབས་ཆེན་རྣམ་མང་དང་། །

ཁ་སྦྱོར་བཞི་ཡི་རོལ་རྩེད་སྟོན་མཛད་མ། །

སྒྱུ་འཕྲུལ་ལྷ་མོ་ཆེན་མོར་ཕྱག་འཚལ་བསྟོད། །

 

འཛག་པའི་དྲི་མ་ཐམས་ཅད་རྣམ་སྤངས་ཤིང་། །

ཟག་མེད་བདེ་བ་མཆོག་གི་ལོངས་སྤྱོད་ཀྱིས། །

རྟག་ཏུ་མྱོས་ཤིང་ཧཾ་ཡིག་རི་བོང་གི །

བདུད་རྩིའི་ཆ་ཡིས་ཡོངས་སུ་གང་ལ་བསྟོད། །

 

དམིགས་མེད་སྙིང་རྗེས་སྐྱེ་འགྲོ་ཐམས་ཅད་ལ། །

མ་གཅིག་བུ་ལ་བརྩེ་བཞིན་རྟག་ཏུ་གདུང་། །

བྱམས་པ་ཆེན་པོའི་སྤྱན་གྱིས་གཟིགས་མཛད་པ། །

མ་གཅིག་བྱང་ཆུབ་སེམས་མ་ཆེན་མོར་བསྟོད། །

 

དུས་གསུམ་ཀུན་ཏུ་སྔོན་འགྲོ་རྗེས་སུ་འཇུག །

དུས་བཞི་ཀུན་ཁྱབ་སྣོད་བཅུད་ཕྱྭ་ཆེན་མོ། །

སྤྲུལ་པའི་གཟུགས་ནི་དུ་མ་མང་པོར་སྟོན། །

རྒྱུན་མི་ཆད་པས་འགྲོ་བ་འདུལ་ལ་བསྟོད། །

 

དབྱིངས་ལ་གནས་ཀྱང་ཞི་བའི་མཐར་མ་ལྷུང་། །

སྲིད་པར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱིས། །

ནམ་ཡང་འགོགས་པ་མེད་པའི་ཕྲིན་ལས་ནི། །

འཁོར་བ་གནས་ཀྱི་བར་དུ་སྟོན་ལ་འདུད། །

 

ལྷ་ལ་དབང་བསྒྱུར་ལྷ་མོ་ནམ་གྲུ་མ། །

ཀླུ་ལ་དབང་བསྒྱུར་ཀླུ་མོ་དུང་སྐྱོང་མ། །

སྲིན་པོའི་ཆུང་མ་འབོད་སྒྲོགས་རྒྱལ་མོ་ཆེ། །

མཁའ་འགྲོའི་གཙོ་མོ་རྗེ་ལ་ཕྱག་འཚལ་བསྟོད། །

 

གསང་སྔགས་རྒྱུད་སྡེ་ཀུན་གྱི་གཉེར་འཛིན་མ། །

འོག་མིན་དུར་ཁྲོད་མེ་རི་འབར་བ་རུ། །

བཀའ་ཡི་སྲུང་མ་ཁྲོ་མོ་རག་གདོང་མ། །

སྲིད་ཞིའི་དགྲ་ལས་རྣམ་རྒྱལ་མ་ལ་བསྟོད། །

 

རེ་མ་ཛ་ཛི་ཛུ་དང་རབ་བརྟན་མ། །

དམག་དང་ཟོར་གྱི་ལས་མཛད་དྲག་མོ་རྒྱལ། །

རྡོ་རྗེ་གཤོག་རྒོད་སྲོག་སྒྲུབ་མ་ལ་སོགས། །

བསྟན་སྲུང་དུ་མར་འཕྲུལ་ལ་ཕྱག་འཚལ་བསྟོད། །

 

ཁྱོད་ཀྱི་རྗེས་འབྲང་ཀོང་སྲིན་བ་ལང་གདོང་། །

འབྲོག་སྲིན་ཆུ་སྲིན་གདོང་དང་དྲེད་གདོང་སོགས། །

གཞན་ཡང་ནག་མོ་བྱེ་བ་འབུམ་སྡེའི་ཚོགས། །

རླུང་ནག་འཚུབས་མར་འཁྱིལ་ལ་རབ་ཏུ་བསྟོད། །

 

སྟོང་ཁམས་འདི་ན་དྲག་རྩལ་མཐུ་མོ་ཆེ། །

སྟོབས་ཤུགས་བསྐལ་པའི་མེ་བཞིན་རབ་འབར་མ། །

བསྟན་སྲུང་ཀུན་ལ་དབང་བསྒྱུར་ཆེན་མོ་ནི། །

དཔལ་ལྡན་འདོད་ཁམས་ལྷ་མོ་ཁྱོད་ལ་བསྟོད། །

 

མ་ལྟར་བྱམས་དང་སྲིང་ལྟར་རབ་གདུང་ཞིང་། །

རྣལ་འབྱོར་སྒྲུབ་པའི་གྲོགས་མོ་ཆེན་མོ་ནི། །

བྱང་ཆུབ་བར་གྱི་མཛའ་མོར་མངའ་གསོལ་ཞིང་། །

མི་འབྲལ་དང་བའི་སེམས་ཀྱིས་བསྟོད་པར་བགྱི། །

 

དེ་ལྟར་བསྟོད་པའི་དབྱངས་ཀྱི་རོལ་མོ་འདིས། །

རེ་མ་ཏི་ཡི་ཐུགས་དམ་གཉེན་པོ་བསྐངས། །

འགལ་འཁྲུལ་ཉམས་ཆགས་ཐམས་ཅད་བཟོད་བཞེས་ལ། །

ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །

 

འཇིག་རྟེན་འཇིག་རྟེན་འདས་པའི་དངོས་པོ་ཀུན། །

བློ་ཡིས་བླངས་ཏེ་འདོད་ཁམས་བདག་མོར་འབུལ། །

ཁྱོད་ཐུགས་དགྱེས་པ་ཆེན་པོ་རབ་བསྐྱེད་དེ། །

རྣམ་བཞིའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །

 

ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པ་དང་། །

བསྟན་འཛིན་སྡེ་རྒྱས་ལུང་རྟོགས་བཤད་སྒྲུབ་འཕེལ། །

ཆོས་ལྡན་རྒྱལ་པོ་སྦྱིན་བདག་དབུ་འཕང་མཐོ། །

ནག་ཕྱོགས་སྡེར་བཅས་རྩད་ནས་འཇོམས་གྱུར་ཅིག །

 

རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །

གནོད་པར་བྱེད་པའི་གཟུགས་ཅན་གཟུགས་མེད་ཚོགས། །

ཞི་དང་རྒྱས་དང་དབང་གིས་ལས་གསུམ་གྱིས། །

བྱམས་པའི་སེམས་དང་ལྡན་པའི་ཕྲིན་ལས་མཛོད། །

 

ཞི་བས་མི་འདུལ་སྡང་སེམས་ལྡན་པ་རྣམས། །

སྡོང་སྐམ་མེ་ལ་རྒྱབ་པ་ཇི་བཞིན་དུ། །

མིང་དང་རུས་དང་བརྒྱུད་པར་བཅས་པ་རྣམས། །

མིང་ཙམ་མེད་པ་རྡུལ་དུ་བརླག་པར་མཛོད། །

 

མདོར་ན་གང་བསམ་ཅིར་སྣང་ཐམས་ཅད་པ། །

རང་གི་སེམས་ཀྱི་ཆོ་རོལ་ཉིད་དུ་ཤར། །

དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཙ་ཏི་རུ། །

ངོ་ཤེས་ཐག་ཆོད་ཐིག་ལེ་ཉག་གཅིག་ཀློང་། །

བྱ་རྩོལ་བྲལ་བའི་ཕྲིན་ལས་ལྷུན་གྲུབ་མཛོད། །

 

ཅེས་པའང་རྒྱ་གར་ཀ་ལ་ཀ་ཏའི་དཔལ་ལྷ་མོའི་གྲོང་ཁྱེར་དུ་ཁྲག་འཐུང་དཔའ་བོ་པདྨ་ཡེ་ཤེས་རྡོ་རྗེས་ཤར་མར་བྲིས་པའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept