The Lute of Vajra Harmony—Tibetan

Deities › Mañjuśrī | Literary Genres › Praise | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དཔལ།

༄༅། །མགོན་པོ་འཇམ་དཔལ་ལ་བསྟོད་པ་རྡོ་རྗེ་སྒྲ་མའི་རྒྱུད་མངས་བཞུགས།

ཨོཾ་སྭ་སྟི།
དཔལ་ལྡན་སངས་རྒྱས་དྲི་མ་མེད་པའི་དཔལ། །
ཡེ་ཤེས་འོད་ཟེར་གཟི་བརྗིད་ཀུན་ནས་འཕྲོ། །
རབ་ཏུ་འགའ་བའི་གཙུག་ཏོར་བལྟར་མི་མངོན། །
འཇམ་དབྱངས་དང་པོའི་སངས་རྒྱས་ལ་ཕྱག་འཚལ། །

ཀུན་ནས་གསར་པའི་ཐུན་མཚམས་མདངས་འོད་ཀྱིས། །
ཕྱོགས་ཀྱི་མཁའ་ལ་ཁྱབ་པར་བྲེས་པ་དང་། །
དེ་བཞིན་གཤེགས་པ་སྲས་དང་བཅས་རྣམས་ཀྱང་། །
དགྱེས་པའི་གར་གྱི་ཆོ་འཕྲུལ་ཅིར་ཡང་ངོམ། །

སྐུ་ཡི་བཀོད་པས་ཞིང་ཁམས་ཡོངས་ལ་ཁྱབ། །
གསུང་ནི་བརྗོད་མེད་བརྗོད་པ་ཀུན་གྱི་གཞི། །
ཐུགས་ནི་ཟབ་གསང་དཔལ་གྱི་བེའུར་སྣང་། །
བརྟགས་དཀའ་ཟབ་ཅིང་ཕྲ་བའི་ངང་ཚུལ་ཅན། །

རྒྱལ་བ་ཀུན་གྱི་ཐུགས་ལ་རབ་ཏུ་ཞུགས། །
བྲལ་སྨིན་ཡོན་ཏན་བསམ་ལས་འདས་པ་ལ། །
མཁྱེན་གཏེར་ཉིད་དང་ཉིད་འདྲའི་སྤྱོད་ཡུལ་ལས། །
གཞན་གྱི་ངལ་བ་ནམ་མཁའི་མཐའ་ཚོལ་འདྲ། །

ཕྲིན་ལས་མི་ཟད་རྒྱན་གྱི་རོལ་མོ་ནི། །
དུས་གསུམ་འགྱུར་བ་མེད་པ་དུས་ཀུན་ཏུ། །
རྟག་ཁྱབ་ལྷུན་གྱིས་གྲུབ་ཅིང་འཛད་མེད་གཏེར། །
མཁའ་ཁྱབ་སེམས་ཅན་ཉེར་འཚོའི་རྟེན་གཞིར་གྱུར། །

ཨེ་མ་ཧོ།
ངོ་མཚར་ཆེན་པོ་མགོན་པོ་འཇམ་པའི་དབྱངས། །
སངས་རྒྱས་ཀུན་གྱི་བསྐྱེད་བའི་ཡབ་གྱུར་ཀྱང་། །
བགྲེས་རྒུད་མི་མངའ་གཞོན་ནུའི་ཚུལ་འཆང་བ། །
མཆོག་སྦྱིན་རྡོ་རྗེ་ཡང་དག་མཐར་གྱུར་འདུད། །

ཁྱེད་ནི་ཕྲ་རབ་རྡུལ་གྱི་ཁོངས་སུ་ཡང་། །
ཞིང་དང་སྟོན་པ་གདུལ་བྱ་རྒྱ་མཚོ་ལ། །
ཆོས་ཕུང་རྒྱ་མཚོ་ངེས་པའི་དོན་དུ་འབབ། །
གསང་བ་བསམ་མི་ཁྱབ་ལ་གུས་པས་བསྟོད། །

དེ་ལྟར་བསྟོད་པའི་དགེ་བ་རབ་དཀར་འདིས། །
འགྲོ་བློའི་གཏི་མུག་མུན་པ་རབ་སེལ་ནས། །
ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱས། །
ཀུན་ཀྱང་འཇམ་དཔལ་གོ་འཕང་མཆོག་ཐོབ་ཤོག །

ཅེས་པའང་མཆོད་དཔོན་མཆོག་ལྡན་ནས་འབྲི་གཞི་བཅས་བསྐུལ་ངོར་འཇམ་དཔལ་དགའ་བའི་གོ་ཆས་རྡོ་རྗེ་གླིང་གི་ནགས་ཚལ་དུ་སྤྲོ་སངས་སྐབས་གང་དྲན་སོར་མོའི་ཟློས་གར་སྐད་ཅིག་ལ་བསྒྱུར་བ་དགེའོ། ། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept