བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བླ་མ་དཔལ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ་གསོལ་བ་འདེབས་ཤིང་ཕྲིན་ལས་བཅོལ་བ་ཡིད་སྨོན་ཀུན་འགྲུབ།

English | བོད་ཡིག

༄༅། །བླ་མ་དཔལ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ་གསོལ་བ་འདེབས་ཤིང་ཕྲིན་ལས་བཅོལ་བ་ཡིད་སྨོན་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །

 

ཨོཾ། བླ་མ་ནག་པོ་ཆེན་པོར་ལ་ཕྱག་འཚལ་ལོ། །

ཨཱཿརྒྱལ་བའི་ཕྲིན་ལས་འགག་པ་མེད་པ་དང་། །

ཧཱུྃ། །གང་ཐུགས་སྐྱེ་མེད་ཆོས་དབྱིངས་རྟོགས་པར་མཛོད། །

ཧྲཱིཿདམ་ཚིག་ལྡན་པའི་རྣལ་འབྱོར་བདག་ཅག་གི །

ནག་པོ་ཁྱེད་ལ་མི་ཕྱེད་དད་མོས་ཀྱི། །

གསོལ་བ་ཁ་ཙམ་མིན་པར་སྙིང་ནས་འདེབས། །

བདག་སོགས་ལམ་གྱི་བར་ཆད་ཞི་བ་དང་། །

ཡིད་ལ་ཅི་བསམ་ཐམས་ཅད་འགྲུབ་པར་མཛོད། །

 

གང་ཞིག་དྲན་པ་ཙམ་གྱིས་བདུད་སྡེ་དང་། །

སྙིགས་དུས་རྒྱལ་འགོང་ཤི་འདྲེ་དམ་སྲིའི་ཚོགས། །

རྡུལ་དུ་རློགས་ཤིག་རྡོ་རྗེ་ནག་པོ་ཆེ། །

གུར་གྱི་མགོན་པོར་མཐུ་སྟོབས་དཔུང་བསྐྱེད་མཛོད། །

 

ཁྱད་པར་ཤིན་ཏུ་སྙིགས་མའི་དུས་འདི་རུ། །

རྒྱལ་བའི་བསྟན་དང་དེ་འཛིན་སྐྱེས་བུ་དང་། །

ཆོས་ལྡན་རྒྱལ་བློན་ཁྱིམ་བདག་རྣམས་ཀྱི་ཚོགས། །

བདེ་སྐྱིད་འཕྲོག་རྣམས་མིང་ཙམ་མེད་པར་མཛོད།

 

ཐུབ་པའི་བསྟན་པ་རིན་ཆེན་འཛིན་པ་ཡི། །

དམ་པའི་སྐྱེས་བུ་གང་ན་བཞུགས་པ་རྣམས། །

སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་འགྲུབ།

ཕྲིན་ལས་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །

 

འཇིག་རྟེན་པ་ཀུན་ཡང་དག་ལྟ་བར་དང་། །

ཕན་ཚུན་ཕ་མ་ལྟ་བུའི་སེམས་ལྡན་ཞིང་། །

འཐབ་རྩོད་རྒྱུན་ཆད་བསོད་ནམས་དཔལ་གྱིས་འབྱོར། །

ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་མཛོད། །

 

རྟག་ཏུ་བདག་གིས་ཁྱོད་བསྙེན་མཆོད་ཅིང་བསྟོད། །

གསོལ་བ་བཏབ་པའི་བདེན་དོན་མངོན་གྱུར་ནས། །

ཕ་རོལ་མི་དང་མི་མིན་གནོད་པ་ཡི། །

གཡུལ་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །

 

ཀུན་རྫོབ་ནག་པོ་གཎྜི་འཛིན་པ་ཉིད། །

དོན་དམ་རང་སེམས་གསལ་སྟོང་ངོ་བོ་རུ། །

ངོ་ཤེས་ཡིད་ཆེས་གདེང་ཐོབ་ས་ལམ་བསྒྲོད། །

བཅུ་གསུམ་རྡོ་རྗེ་འཛིན་རྒྱལ་བདག་སྒྲུབ་མཛོད། །

 

ཅེས་པའང་དད་སློབ་ཧོར་གདོང་ཐོག་དགོན་གྲྭ་མགོན་པོ་ཚེ་བརྟན་གྱིས་བཀྲ་ཤིས་ལྷ་རེག་རིན་ཆེན་གཉིས་པ་འཁོར་ལོའི་མཎྜལ་དང་བཀས་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་མེ་བྱ་སྨལ་པོའི་ཟླ་ཚེས་ལ་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་བྲིས་པ་དགེའོ། །སརྦ་མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Mahākāla (Vajra Pañjaranātha)

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept