བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

པདྨ་མཁའ་འགྲོའི་སྐོངས་བསྡུས་བདེ་ཆེན་དཔལ་སྟེར།

English | བོད་ཡིག

༄༅། །པདྨ་མཁའ་འགྲོའི་སྐོངས་བསྡུས་བདེ་ཆེན་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ་པདྨ་ཌཱ་ཀི་ནི་ཡེ།

ཕྱི་ནང་གསང་བའི་བསྐངས་རྫས་ཅི་འབྱོར་བཤམས། །ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །

ཧཱུྃ་ཧྲཱིཿབདེ་ཆེན་དབང་གི་དཀྱིལ་འཁོར་ནས། །

ཟླ་གམ་དམར་པོ་འོད་འབར་དབུས། །

དབང་མཛད་པདྨ་མཁའ་འགྲོ་ནི། །

རྡོ་རྗེ་རིན་ཆེན་པདྨ་དང་། །

ལས་ཀྱི་དབང་མཛད་ཌཱ་ཀིའི་ཚོགས། །

སྤྲུལ་པ་ཡང་སྤྲུལ་བྱེ་བ་འབུམ། །

འཁོར་དང་བཅས་པ་འདིར་གཤེགས་ནས། །

ཉི་ཟླ་པདྨའི་གདན་ལ་བཞུགས། །

དགྱེས་པའི་མཆོད་སྤྲིན་འབུལ་པ་ནི། །

སྲིད་དང་ཞི་བའི་ཡོ་བྱད་ཚོགས། །

ཇི་སྙེད་འབྱོར་པ་ཐམས་ཅད་ཀུན། །

ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ། །

ཟག་མེད་ཏིང་འཛིན་རོལ་མོས་སྤེལ། །

ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ། །

པདྨ་མཁའ་འགྲོའི་དཀྱིལ་འཁོར་པའི། །

རྡོ་རྗེའི་དབང་པོ་དྲུག་གིས་བཞེས། །

ཐུགས་དམ་གཉན་པོ་བསྐངས་བ་དང་། །

མ་ཚོགས་མཁའ་འགྲོར་ཉམས་ཆགས་བཤགས། །

བརྟན་གཡོ་སྣང་སེམས་དབང་དུ་འདུས། །

རྩ་རླུང་ཐིག་ལེའི་ནུས་པ་སྤེལ། །

ཡེ་ཤེས་དྷཱུ་ཏིའི་དབྱིངས་སུ་སྡུད། །

འཁོར་འདས་རྣམ་དག་བདེ་བ་ཆེ། །

དབང་མཛད་དབང་གི་དངོས་གྲུབ་བརྙེས། །

པདྨ་མཁའ་འགྲོའི་སྐུ་ཐོབ་ཤོག །

 

ཅེས་པའང་མེ་ཕག་ཟླ་དྲུག་ཚེས་བཅུ་དྲུག་ལའོ། །། །

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

རིག་བྱེད་མ།

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept