The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Marpa, Consort & Heirs—Tibetan

English | བོད་ཡིག

༄༅། །རྗེ་མར་པ་ཡབ་ཡུམ་སྲས་བཅས་ཀྱི་གསོལ་འདེབས།

 

ཨེ་མ་ཧོ།

ངོ་མཚར་གྲུབ་པ་ཆེན་པོའི་སྐུ་བརྙེས་པ། །

སྣང་སེམས་དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་མཆོག །

སྒྲ་བསྒྱུར་ལོ་ཙཱ་ཆེན་པོ་མར་པ་རྗེ། །

བློ་གྲོས་ཆེན་པོ་བློ་མཆོག་མངའ་བའི་བདག །

རྒྱུད་སྡེ་རྒྱ་མཚོའི་གསང་བའི་མཛོད་འཛིན་པ། །

ཟུང་འཇུག་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེ། །

 

གང་གི་གསང་བ་གསུམ་གྱིས་བྱིན་བརླབས་སྲས། །

བྱང་ཆུབ་སེམས་དཔའ་དཔའ་ཆེན་འགྲོ་བ་འདུལ། །

དར་མ་མདོ་སྡེ་ཚོགས་གཉིས་རྨད་བྱུང་སྐུ། །

ཡེ་ཤེས་རྒྱ་མཚོའི་རང་གཟུགས་སྤྱན་རས་གཟིགས། །

གཞོན་ནུའི་སྐུར་སྟོན་སྨོན་ལམ་མཐའ་ཡས་བདག །

 

རྡོ་རྗེ་བདག་མེད་མི་མོའི་གཟུགས་བསྒྱུར་བ། །

ཤེས་རབ་ལྷ་མོ་བདེ་བའི་བདག་ཉིད་སྐུ། །

འཁོར་འདས་ཆོས་ཀུན་དབྱིངས་ཀྱི་བྷ་གར་སྡུད། །

དུས་གསུམ་རྒྱལ་བ་སྤྲོ་དང་སྡུད་མཛད་མ། །

 

འཁོར་ལོ་སྡོམ་པའི་གྲུབ་རིག་ཡོངས་ཀྱི་གཙོ། །

ལ་ལ་ནཱ་དང་རཱ་སའི་རྒྱུ་བ་ཀུན། །

སྒྲ་གཅན་དབྱིངས་སུ་ཟ་བར་བྱེད་པའི་བདག །

བཅུ་དྲུག་རྩེར་སོན་མི་སློབ་རྒྱལ་སར་གཤེགས། །

མཚན་ཐོས་འཁོར་བའི་འཇིགས་ལས་སྐྱོབ་མཛད་ཅིང་། །

བྱིན་རླབས་ཆེན་པོ་མངོན་སུམ་སྟེར་བའི་བདག །

རྡོ་རྗེ་རྒྱལ་མཚན་ཐོས་པ་དགའ་ཞེས་གྲགས། །

འཇིག་རྟེན་གསུམ་གྱི་རྒྱན་གྱུར་མི་ཡི་མཆོག །

 

དེ་ལྟར་རྗེ་བཙུན་ཡབ་ཡུམ་སྲས་རྣམས་ལ། །

གུས་པས་གསོལ་བཏབ་བདག་ལ་བྱིན་གྱིས་རློབས། །

རང་སེམས་ལྷན་སྐྱེས་ཡེ་ཤེས་ཉི་མ་ཆེས། །

སྙིང་གི་མ་རིག་མུན་པ་ཀུན་བསལ་ཞིང་། །

སྲིད་གསུམ་དགྲ་སྡེའི་གྲོང་ཁྱེར་གཏན་བཅོམ་ནས། །

འོག་མིན་ལྷུན་གྲུབ་གཞལ་མེད་ཉམས་དགའ་བར། །

སྐུ་དང་ཡེ་ཤེས་འཛད་མེད་གཏེར་ལ་སྤྱོད། །

ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །

 

ཅེས་པའང་ལྷོ་བྲག་མར་པ་ཡབ་སྲས་ཀྱི་གཞལ་མེད་ཁང་གི་ཉེ་འདབས་སུ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

མར་པ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept