The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Short Tsongkhapa Guru Yoga—Tibetan

English | བོད་ཡིག

༄༅། །རྗེ་བཙུན་ཐམས་ཅད་མཁྱེན་པའི་བླ་རྣལ་ཉུང་ངུ་བཞུགས་སོ། །

 

ན་མོ་མཉྫུ་ཤྲཱི་མཱ་ཏི་བྷ་དྲ་ཀཱིརྟི་ཡེ།

བླ་མའི་རྣལ་འབྱོར་ཉུང་ངུའི་ཚུལ་དུ་ཉམས་སུ་བླང་བར་འདོད་པས། གནས་ཁང་ཕྱག་དར་དང་རྒྱན་གྱིས་བཀོད། མཆོད་པ་གཡོ་བ་མེད་པར་བཤམས། བདེ་བའི་སྟན་ལ་རླུང་རྣལ་དུ་དབབ། ངེས་འབྱུང་གི་བློ་དང་བྱང་ཆུབ་ཀྱི་སེམས་ལ་ཡུན་རིང་དུ་བློ་བཞག་ནས། སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་དང་ཚད་མེད་བཞི་བསྒོམ།

 

སྣོད་བཅུད་ཐམས་ཅད་རང་བཞིན་དག་པའི་ངང་། །

མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །

རིན་ཆེན་སེང་ཁྲི་པད་ཟླའི་གདན་སྟེང་དུ། །

ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །

སྲས་དང་སློབ་མར་བཅས་པའི་ཚོགས་ཐམས་ཅད། །

དགའ་ལྡན་ཡིད་དགའ་ཆོས་འཛིན་གཞལ་ཡས་ནས། །

རྫུ་འཕྲུལ་ཆེན་པོའི་སྟོབས་ཀྱིས་མངོན་པར་གཤེགས། །

གསང་གསུམ་གཟི་བརྗིད་མཚུངས་མེད་དཔལ་དུ་འབར། །

དགྱེས་བཞིན་བྱིན་གྱིས་རློབས་ཕྱིར་བཞུགས་སུ་གསོལ། །

བདག་ལུས་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །

སྒོ་གསུམ་རབ་གུས་དད་པས་ཕྱག་འཚལ་ལོ། །

དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་བའི། །

མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །

དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །

མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །

འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །

བདག་གཞན་ལུས་དང་ལོངས་སྤྱོད་དགེ་ཚོགས་རྣམས། །

ཀུན་བཟང་རྣམ་རོལ་མཎྜལ་མཆོད་པའི་སྤྲིན། །

རབ་འབྱམས་ནམ་མཁའི་མཐར་ཐུག་བཀང་སྟེ་འབུལ། །

ཚོགས་རྫོགས་སྒྲིབ་བྱང་སྐུ་གཉིས་ཐོབ་པར་ཤོག །

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །

དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །

བདག་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །

སྲིད་ལས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །

ཚུལ་ཁྲིམས་ཡོངས་སུ་དག་པར་བྱིན་གྱིས་རློབས། །

སེམས་ཅན་ཕ་མར་ཤེས་པར་བྱིན་གྱིས་རློབས། །

བྱམས་དང་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །

བདག་གཞན་བརྗེ་བར་ནུས་པར་བྱིན་གྱིས་རློབས། །

བདག་བས་གཞན་གཅེས་འབྱོང་བར་བྱིན་གྱིས་རློབས། །

བྱང་ཆུབ་སེམས་མཆོག་སྐྱེ་བར་བྱིན་གྱིས་རློབས། །

ཡང་དག་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །

གཞན་ཕན་མཐའ་ཡས་འབྱུང་བར་བྱིན་གྱིས་རློབས། །

བདུད་སྡེའི་དཔུང་ཚོགས་གཞོམ་པར་བྱིན་གྱིས་རློབས། །

སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །

བླ་མའི་སྐུ་གསུང་ཐུགས་ལས་སྐུ་སྔགས་དང་། །

ཕྱག་མཚན་འཕྲོས་པས་རང་གི་གནས་གསུམ་ཐིམ། །

དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསམ། །

འཁོར་རྣམས་འོད་ཞུ་རྗེ་བཙུན་བླ་མར་ཐིམ། །

བླ་མ་དགྱེས་བཞིན་རང་གི་ཚངས་བུག་ནས། །

སྙིང་དབུས་པད་དཀར་བཞད་པའི་ཟེའུ་འབྲུ། །

ཟླ་བའི་སྟེང་ན་དགྱེས་བཞིན་བཞུགས་པར་གྱུར། །

ཐུགས་ཀར་འཇམ་དཔལ་དཀར་པོ་ནི། །

རལ་གྲི་གླེགས་བམ་འཛིན་པ་ཡི། །

ཐུགས་དབུས་དྷཱིཿཡིག་གསེར་མདོག་ལ། །

སེམས་གཏད་ཨ་ར་པ་ཙ་བཟླ། །

ཐུན་མཐར་དགེ་བསྔོ་ཤིས་བརྗོད་བྱ། །

 

ཅེས་པའང་ས་ཁྱི་ལོའི་སྣྲོན་ཟླའི་ཚེས་དགུ་ལ་ཡིད་ངོར་འཆར་བཞིན་འཇམ་དཔལ་དགའ་བའི་གོ་ཆས་བྲིས་པའོ། །སརྦ་དཱ་མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Je Tsongkhapa Lobzang Drakpa

This website uses cookies to collect anonymous usage statistics and enhance the user experience.
Decline
Accept