Succinct Advice—Tibetan

Literary Genres › Advice | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | Français | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །ཞལ་གདམས་མདོར་བསྡུས།

དཔལ་ལྡན་རྡོ་རྗེ་སེམས་དཔའི་ཞབས་ལ་ཕྱག་འཚལ་ལོ། །དེ་ཡང་རང་རེ་རྣམས་ཀྱིས་རྙེད་དཀའི་དལ་འབྱོར་གྱི་རྟེན་འདི་ལྟ་བུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ལས། ད་རེས་ཀྱི་སྐབས་འདིར་སྐྱོན་མེད་པའི་མི་ལུས་ཐོབ་པ་ལས་སྐྱེ་བ་ཕྱི་མ་ཡང་ཡང་རྙེད་པ་དཀའ་བའི་ཚུལ་ལ་ལེགས་པར་བསམ། དེ་ཡང་འཇིག་པར་སླ་བ་འདུས་བྱས་མི་རྟག་པའི་མཚན་ཉིད་སྐྱེ་བའི་མཐར་འཆི་བ་ལས་མ་འདའ་ཤིང་རྒན་གཞོན་ངེས་མེད། འཆི་རྐྱེན་ངེས་མེད་ཀྱི་ཚུལ་ལ་ཡང་དྲན་པར་བྱས་པས་བློ་སྣ་ཆོས་ཕྱོགས་ལ་གཞོལ་ཞིང་ཆོས་མཐར་ཕྱིན་ཅིང་། བརྩོན་འགྲུས་ཀྱི་རླུང་དང་ཚེ་འདིར་སྣང་གི་བྱ་བཞག་ཐམས་ཅད་ཆོད་པའི་ཐབས་འདི་ལས་ཟབ་པ་མེད་ཅིང་། འཆི་བ་ཐོག་ཏུ་བབ་ན་རིགས་དྲུག་གང་རུང་དུ་སྐྱེ་བ་ལེན་པ་ལས་མ་འདས་ཤིང་འཁོར་བ་སྤྱི་ཁྱབ་ཁམས་གོང་མ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་། ངན་སོང་གསུམ་སོགས་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་རྣམས་འགྱུར་བའི་སྡུག་བསྔལ། བྱེ་བྲག་དམྱལ་བ་ཚ་གྲངས་སོགས་ཀྱི་སྡུག་བསྔལ་ཡིད་ལ་དྲན་པར་དགོས། དེ་ཡང་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་རྟེན་གཞི་ནི་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཡོད་པས་དེ་ལས་ཉེས་པ་ཐམས་ཅད་འབྱུང་བ་ཡིན། དེ་ཡི་རྒྱུ་རྩ་བ་ནི་ཀུན་འབྱུང་ཉོན་མོངས་པའི་ཚོགས་ཐམས་ཅད་ཡིན་ལ་དེ་ཡང་དུག་གསུམ་དུ་མ་འདུས་པ་མེད་ཅིང་། ཡུལ་ཡིད་དུ་འོང་བ་ལ་བརྟེན་ནས་འདོད་ཆགས་མི་མཐུན་པ་ལ་བརྟེན་ནས་ཞེ་སྡང་། བར་མ་ལ་བརྟེན་ནས་གཏི་མུག་འབྱུང་བ་སྟེ་དེ་གསུམ་གང་རུང་གིས་ཀུན་ནས་བསླངས་ཏེ་བསྐྱེད་པའི་ལས་གཙོ་ཆེ་བའི་དབང་དུ་བྱས་ན་མི་དགེ་བ་བཅུ་པོའི་ནང་དུ་འདུས་པ་ཡིན་པས་དེ་ལ་བླང་དོར་མ་ནོར་བ་ཞིག་ཕྲ་ཞིབ་ནས་བརྩོན་པ་ལ་ནན་ཏན་དང་དེ་ལ་འཇིག་རྟེན་ཡང་དག་གི་ལྟ་བ་ཟེར། རྒྱུ་འབྲས་བསླུ་བ་མེད་པ་ལ་ངེས་ཤེས་བསྐྱེད་པ་ཡང་ཡང་གལ་ཆེ། མི་དགེ་བཅུའི་ལྡོག་ཕྱོགས་ལུས་ངག་ཡིད་གསུམ་གྱི་དགེ་བཅུ་ལྷ་མིའི་བདེ་འབྲས་ཙམ་འདོད་ནས་བསགས་པ་སྐྱེས་བུ་ཆུང་ངུ་། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་འཁོར་བ་ལ་ངེས་འབྱུང་གི་བློས་དགེ་བ་བསགས་པ་ཐར་པའི་ཆ་དང་མཐུན་པ་སྐྱེས་བུ་འབྲིང་ཉན་རང་། སེམས་ཅན་ཐམས་ཅད་ལ་ཕན་འདོད་པའི་བློས་བསགས་པ་རྣམས་ཐེག་ཆེན་ཐར་པ་ཆ་མཐུན་སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་རྣམས་ལས་རང་རེ་རྣམས་ཀྱི་ཉམས་ལེན་སྐྱེས་བུ་ཆེན་པོའི་ལམ་ལྟར་བྱ་དགོས། དེ་ཡང་གཞན་ཕན་ལྷག་པའི་བསམ་པས་རང་འདོད་ཀྱི་འཁྲི་བ་གཏན་ནས་མ་གོས་པ་ཞིག་གིས་གཞི་བཟུང་ནས་རང་གི་སྒོ་གསུམ་གྱི་དགེ་བའི་བྱ་བ་དམིགས་བཅས་དམིགས་མེད་ཆེ་ཕྲ་ཐམས་ཅད་དངོས་བརྒྱུད་ནས་མཁའ་མཉམ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུ་སྤྱོད་ཅིང་ཡོངས་སུ་བསྔོ་བ་དང་། སྨོན་ལམ་ཁྱད་པར་ཅན་གདབ། བྱམས་པ་དང་སྙིང་རྗེ་ཤས་མི་བཟོད་པ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པར་བསྒོམ། དེ་ཡང་སེམས་བསྐྱེད་ཡུལ་བསྐྱེད་མཁན་སྐྱེས་པའི་བྱ་བ་ཐམས་ཅད་ངོ་བོར་རང་བཞིན་གྱི་སྟོང་པ་ལས་སྣང་ཆའི་རྟེན་འབྲེལ་མ་འགགས་པར་འཆར་བ་འདི་ལ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཀྱང་ཟེར། བདེན་གཉིས་ཟུང་འཇུག སྟོང་རྟེན་འབྱུང་དབྱེར་མེད་སྣང་སྟོང་ཟུང་འཇུག་སོགས་དོན་གཅིག་ལ་མིང་གི་རྣམ་གྲངས་དུ་མ་བརྗོད་པ་ཡང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་གནད་འདིས་ཉེ་བར་མཚོན་པ་ཡིན། དེ་ཉིད་བྱང་ཆུབ་ཀྱི་སེམས་དངོས་ཡིན། དེས་སྲིད་ཞི་མཐའ་གཉིས་འགོག་པའི་མྱང་འདས་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་ཡི་བསླབ་བྱ་བདག་གཞན་བརྗེ་བའི་བློ་སྦྱོང་ཡང་ཡང་བསྒོམ་ཞིང་། དཀོན་མཆོག་ལ་དད་པ། སེམས་ཅན་ལ་སྙིང་རྗེ་ཤུགས་དྲག་པོ། བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་འདུན་ཅིང་སྨོན་པ་དང་། གཞན་ཕན་དོན་གཉེར་གྱི་བསམ་པ་ལ་གཡོ་སྒྱུ་མེད་པ་ཁོ་ན་གལ་ཆེ། དེ་ལྟ་བུའི་བསམ་པ་རིན་པོ་ཆེ་བྱང་ཆུབ་སེམས་ཀྱི་བློ་བཅོས་ཤིང་དགེ་བ་ཆེ་ཕྲ་ཅི་བྱས་ཐམས་ཅད་ལ་འདིས་རྩིས་ཐེབས་པར་བྱ་དགོས་པ་ནི་མེད་དུ་མི་རུང་བ་ཡིན་ནོ། །གནད་དེ་ལྟ་བུའི་གཞི་བཟུང་ནས་སྐྱབས་འགྲོ་ནས་བརྩམ་སྔོན་འགྲོའི་བསགས་སྦྱངས་མཐར་ཕྱིན་པ་དང་། ཁྱད་པར་སྟོབས་བཞིའི་གནད་དང་ལྡན་པའི་ཡིག་བརྒྱ་ལྟུང་བཤགས། དྲི་མེད་བཤགས་རྒྱུད་སོགས་ལ་ནན་ཏན་འབད། བྱིན་རླབས་ཀྱི་གཞི་བླ་མའི་རྣལ་འབྱོར་ཡིན་པས། རྩ་བའི་བླ་མ་སངས་རྒྱས་སུ་ཐག་བཅད། སྐྱབས་གནས་ཀུན་འདུས་སུ་བསྒོམ། བཀའ་དྲིན་དྲན་ཅིང་གུས་པ་བསྐྱེད། དད་དང་དམ་ཚིག་ལ་ངོས་ལྐོག་མེད་ཅིང་དཀའ་སྤྱད་སྙིང་རུས་ཀྱི་མགོ་བཙུགས་ནས་བླ་མའི་རྣལ་འབྱོར་ལ་བརྩོན་ན་བྱིན་རླབས་འབྱུང་བར་ཐེ་ཚོམ་མེད། དེ་ལྟ་བུའི་སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ནས་ཕྱག་རྫོགས་ཟུང་འཇུག་གི་གཞི་ལམ་འབྲས་གསུམ་གྱི་གནད་མདོར་དྲིལ་ན། རང་གི་སེམས་ཉིད་གདོད་ནས་སྐྱེ་འགགས་གནས་གསུམ་དང་དངོས་པོ་དང་མཚན་མར་མ་གྲུབ་ཡོད་མེད་ཡིན་མིན་ཐམས་ཅད་ལས་འདས་པའི་གཞི་སེམས་ཀྱི་ཆོས་ཉིད་རིག་པ་གསལ་སྟོང་ཟུང་འཇུག་འཁོར་འདས་ཀུན་ཁྱབ་གཟོད་ནས་རྣམ་པར་དག་པ་འདི་ནི་གཉུག་མ་གཞི་ཡི་བཞུགས་ཚུལ་དང་། དེ་ཉིད་བླ་མའི་བྱིན་རླབས་དང་རང་གི་མོས་གུས་འཛོམས་པས་རང་གནས་ཀྱི་ལྟ་བ་དེ་ངོ་འཕྲོད་ཅིང་དུས་གསུམ་གྱི་རྣམ་རྟོག་དང་བྲལ་བའི་ཐ་མལ་གྱི་ཤེས་པ་དེ་ལ་ཡིད་དཔྱོད་བློས་འཛིན་གྱིས་མ་བཅིངས་མ་བཅོས་བཟོ་མེད་གཉུག་མ་རང་བབ་ཀྱི་ངང་དུ་ཆོས་ཉིད་རང་གནས་ཀྱི་དྲན་པས་ཡེངས་མེད་དུ་བསྒོམ་བྱ་སྒོམ་བྱེད་དུ་བྲལ་བར་འཇོག་པ་ན་རླུང་སོ་རིག་པའི་ཡེ་ཤེས་ཀྱི་རྟེན་མེད་གཞི་རྩ་བྲལ་བ་ཡུལ་མེད་རང་གསལ་ཆེན་པོར་ཉམས་སུ་མྱོང་བ་དེ་ཡི་ངོ་བོ་སྨྲ་བསམ་བརྗོད་བྲལ་དུ་འཆར་བ་ནི་ལམ་བསྒོམ་པའི་སྐབས་དང་། དེའི་ངང་ལས་སྤྱོད་པ་ལ་སྤངས་བླང་མེད་པར་གང་ཤར་གང་སྣང་རིག་པའི་དབྱིངས་སུ་རོ་མཉམ་པའི་སྤང་གཉེན་གཞན་ནས་བཙལ་མ་དགོས་པ་རང་ཤར་རང་གྲོལ་བྱ་ལམ་རྗེས་མེད་དུ་འགྲོ་བ་འདི་ཀ་སྤྱོད་པའི་མཐར་ཐུག དེ་ལྟར་གོམས་པ་ལ་བརྟེན་ནས་རིག་པའི་དབྱིངས་ཀ་དག་སྟོང་ཆེན་དང་། ཡེ་ཤེས་ལྷུན་གྲུབ་གཉིས་གདོད་ནས་འདུ་འབྲལ་མེད་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་རང་ཆས་སུ་བཞུགས་པ་འབྲས་བུ་གཞན་ནས་བཙལ་དུ་མེད་པ་ནང་གི་ཡོན་ཏན་ཕྱི་གསལ་དུ་ཤར་བ་ལ་གྲོལ་བ་མཐར་ཕྱིན་པའམ་འབྲས་བུ་ཞེས་མིང་གི་བརྗོད་པ་ཡིན་ནོ། །དེ་ལྟ་བུའི་ལམ་གྱི་སྲོག་བཟུང་བ་དངོས་གཞི་དམིགས་མེད་མཚན་ཉིད་པ་ཡིན་ནོ། །དགེ་བ་གང་བྱས་རྣམས་དུས་ཐམས་ཅད་དུ་དམིགས་མེད་ཀྱི་བསྔོ་བས་རྒྱས་ཐེབས་པར་གལ་ཆེ། །མདོར་ན་དད་པ། ངེས་འབྱུང་། ཞེན་ལོག སྙིང་རྗེ། སྟོང་ཉིད། བྱང་སེམས། མོས་གུས། དམ་ཚིག བསྐྱེད་རྫོགས། བདེན་མེད་ཞེན་མེད་མ་བཅོས་འཛིན་བྲལ་རང་གནས་རྣམས་གདམས་ངག་གི་མདོ་ཆིངས་བསྡུས་དོན་ཡིན་པས་དེ་ལྟར་ཉམས་སུ་བླང་བར་ཞུ། ཅེས་པ་རང་སློབ་པདྨ་ཐེག་མཆོག་གི་གསུང་བསྐུལ་ངོར་ཤིན་ཏུ་མདོར་བསྡུས་ནས་བཀོད་པ་ཞིབ་ཏུ་བླ་མ་གོང་མ་རྣམས་ཀྱི་ཞལ་གདམས་གསུངས་མགུར་ཁྲིད་ཡིག་སོགས་ལས་ཤེས་པར་བྱ་བ་ཁོ་ནའོ། །ཆོས་ཀྱི་བློ་གྲོས་པས་སོ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept