Twelve Deeds Inscriptions—Tibetan

Deities › Buddha Śākyamuni | Literary Genres › Inscriptions | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Twelve Deeds of the Buddha

༄༅། །མཛད་པ་བཅུ་གཉིས་ཀྱི་ཐང་ཀ་རྣམས་ཀྱི་བྱང་ཡིག

མཛད་བཅུ་ཐང་ཀ་སོ་སོའི་གཙོ་བོའི་སྨིན་མཚམས་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེའི་འོག་ཏུ་མུ་ནེ། ལྟེ་བར་སྭཱ། གསང་བར་ཧཱ། དེ་འོག་རྟེན་སྙིང་། སུ་པྲ་ཏིཥྛ་དང་བཛྲ་ཨ་ཡུ་ཥེ་སོགས་བྲི། དེ་འོག་འདོད་གསོལ་ཤྭ་ལོ་ཀ་རེ་བྲི་བ་ལ།

དགའ་ལྡན་གནས་ནས་དམ་པ་ཏོག་དཀར་པོའི། །
ཅོད་པན་མ་ཕམ་མགོན་པོའི་དབུར་བཅིངས་ནས། །
གཟིགས་པ་རྣམ་ལྔས་འཛམ་བུའི་གླིང་དུ་གཤེགས། །
དོན་ཀུན་གྲུབ་པས་དུས་གསུམ་ཤིས་གྱུར་ཅིག །

སྒྱུ་འཕྲུལ་ལྷ་མོ་ས་ཟླའི་བཅོ་ལྔ་ལ། །
གསོ་སྦྱོང་གནས་ཚེ་རྒྱལ་སྲས་དམ་པ་ནི། །
གླང་ཆེན་ཐལ་དཀར་སྟབས་ཀྱིས་ལྷུམས་སུ་ཞུགས། །
བཅོམ་ལྡན་ཤཱཀྱ་སེང་གེས་ཤིས་གྱུར་ཅིག །

ལུམ་བའི་ཚལ་དུ་ཐུབ་པ་སྐུ་བལྟམས་ཤིང་། །
ཚངས་སོགས་འཇིག་རྟེན་མཆོད་འོས་རྣམས་ཀྱིས་བཏུད། །
མཚན་དཔེའི་དཔལ་འབར་བསོད་ནམས་བརྒྱ་པའི་སྐུ། །
ཟས་གཙང་སྲས་པོས་བྱིན་བརླབས་སྣང་བ་སྩོལ། །

གླང་ཆེན་འདུལ་དང་ཡི་གེ་རྐྱལ་ལ་སོགས། །
དྲུག་ཅུ་རྩ་བཞི་སྒྱུ་རྩལ་ལེགས་སྦྱང་ཞིང་། །
གཞོན་ནུའི་རོལ་རྩེད་མཛད་པ་རྨད་བྱུང་བའི། །
རྐང་གཉིས་གཙོ་བོས་ཕུན་ཚོགས་དགེ་ལེགས་སྩོལ། །

འཇིག་རྟེན་ཚུལ་དང་མཐུན་པར་འཇུག་པ་ཡིས། །
ཁབ་ཏུ་སྲིད་སྐྱོང་བཙུན་མོའི་འཁོར་གྱིས་བསྐོར། །
གང་འདུལ་ཐབས་མཁས་ཕྲིན་ལས་ཕ་མཐའ་ཡས། །
མི་ཡི་སེང་གེས་འདོད་དགུའི་གྲུ་ཆར་ཕོབས། །

ངེས་འབྱུང་གིས་བསྐུལ་རྣམ་དག་དྲུང་དུ་གཤེགས། །
མཐོན་མཐིང་དབུ་སྐྲ་སྔོ་སངས་རལ་གྲི་ཡིས། །
བྲེགས་ནས་བརྒྱ་བྱིན་གྱིས་ཕུལ་ངུར་སྨྲིག་མཛེས། །
མགོན་པོ་མཆོག་གྱུར་དེ་ཡིས་ཤིས་གྱུར་ཅིག །

ཆུ་བོའི་འགྲམ་དུ་དཀའ་ཐུབ་ལ་བརྟེན་ནས། །
མཁའ་ཁྱབ་ཏིང་འཛིན་ཆེ་ལ་ལོ་དྲག་གནས། །
ལེགས་སྐྱེས་འོ་ཐུག་བསྙེན་བཀར་བཞེས་པ་ཡིས། །
ཐུབ་ཆེན་གསེར་གྱི་མདོག་འབར་དེར་སྣང་ཤོག །

རྩྭ་ཚོང་བཀྲ་ཤིས་དེ་ལས་རྩྭ་བླངས་ཏེ། །
རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་པའི་དྲུང་། །
སྐྱིལ་ཀྲུང་གཅིག་གིས་བྱང་ཆུབ་དམ་བཅའ་བརྟན། །
བསྐལ་བཟང་རྣམ་འདྲེན་བཞི་པས་བདག་སྐྱོངས་ཤིག །

བདུད་ཀྱི་ཡིད་འཁྲུགས་རྒོལ་བར་ལྷག་པ་དང་། །
བརྟན་མས་དཔང་གྱུར་མཛེས་མའི་བསླུ་བྲིད་ཀྱིས། །
མ་ཚུག་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ། །
བྱམས་པའི་མཚོན་འཆང་ཐུབ་པས་འགྲོ་འདི་སྲུངས། །

ས་ག་ཟླ་བའི་བཅོ་ལྔའི་ཐུན་གྱི་མཐར། །
བྱང་ཆུབ་ཆེན་པོར་མངོན་པར་རྫོགས་སངས་རྒྱས། །
ཡེ་ཤེས་རྒྱ་མཚོ་ཡོན་ཏན་འཛད་མེད་བདག །
བཅོམ་ལྡན་ཤཱཀྱའི་རྒྱལ་པོས་དགེ་ལེགས་སྩོལ། །

ཞག་གི་ཕུང་པོ་བདུན་ཕྲག་བདུན་གྱི་མཐར། །
བཀྲ་ཤིས་སྣང་བའི་སྒོ་འཕར་རབ་ཕྱེས་ཏེ། །
ཚངས་དང་བརྒྱ་བྱིན་གྱིས་བསྐུལ་ཆོས་འཁོར་བསྐོར། །
ཉི་མའི་གཉེན་གྱི་གསུང་གིས་འཚོ་བར་ཤོག །

བཅུ་ཕྲག་བརྒྱད་ཀྱི་ཐ་མར་དཔྱིད་ཟླ་ཡི། །
བཅོ་ལྔའི་ནངས་པར་མགོན་པོ་མྱ་ངན་འདས། །
ངེས་པའི་དོན་ལ་རྟག་བརྟན་ཆེན་པོར་བཞུགས། །
སྲིད་ཞིའི་འདྲེན་པས་བྱང་ཆུབ་སར་འགོད་ཤོག། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept