The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Rain of Twofold Attainment—Tibetan

English | བོད་ཡིག

༄༅། །བླ་མའི་རྣལ་འབྱོར་གྲུབ་གཉིས་ཆར་འབེབས།

 

ན་མོ་གུ་ར་ཝེ།

དཔལ་ལྡན་བླ་མའི་རྣལ་འབྱོར་ལ་བརྩོན་པར་འདོད་པས་བདེ་བའི་སྟན་ལ་འཁོད་དེ། སྐྱབས་སེམས་སྔོན་དུ་འགྲོ་བས།

ཨ། རང་སྣང་དག་པ་འོག་མིན་ཞིང་། །

བཀོད་པ་རབ་ཏུ་རྫོགས་པའི་མཁར། །

འཇའ་ཟེར་ཐིག་ལེ་འཁྲུགས་པའི་ཀློང་། །

སེང་ཁྲི་དར་ཟབ་འབོལ་ཆེན་སྟེང་། །

པདྨ་ཡེ་ཤེས་རྡོ་རྗེ་ནི། །

དཀར་དམར་མདངས་ལྡན་ཆོས་གོས་གསོལ། །

དབུ་ལ་པཎ་ཞུ་དམར་པོས་མཛེས། །

ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །

ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག །

སྐྱབས་ཀུན་འདུས་པའི་བདག་ཉིད་གསལ། །

གནས་གསུམ་ཡིག་འབྲུས་མཚན་པར་གྱུར། །

ཚོགས་བསགས་པ་ནི།

རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །

མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །

དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །

དག་པའི་མཆོད་པ་བཞེས་སུ་གསོལ། །

དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །

ཉེས་བྱས་མ་ལུས་བཤགས་པར་བགྱི། །

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །

མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །

དག་པའི་མཐའ་བཞིའི་དྲི་མ་མེད། །

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །

བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །

དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །

ཚེ་རབས་བགྲངས་པའི་དགེ་བ་རྣམས། །

བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །

སོགས་ཡན་ལག་བརྒྱད་པས་ཚོགས་བསགས་བྱ།

པདྨས་བྱིན་བརླབས་བཀའ་གཏེར་བསྟན་པ་འཛིན། །

ཡེ་ཤེས་རྒྱ་མཚོའི་གསང་བའི་མཛོད་འཆང་བ། །

རྡོ་རྗེ་གཟི་འབར་རྩལ་ལ་གསོལ་བ་འདེབས། །

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཞེས་པའི་གསོལ་འདེབས་དང་།

ཨོཾ་ཨཱཿགུ་རུ་ཛྙཱ་ན་པདྨ་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུྃ།

ཞེས་ཅི་ནུས་བཟླ།

མཁྱེན་ནོ་མཁྱེན་ནོ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ། །

དྲན་ཆོག་ཆོས་ཀྱི་རྒྱལ་པོ། །

མཚུངས་མེད་དངོས་གྲུབ་ཀྱི་གཏེར་ཆེན། །

དཔལ་ལྡན་བླ་མ་ཁྱེད་མཁྱེན་ནོ། །

ཞེས་ལན་གསུམ།

བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །

འོད་ཟེར་དཀར་དམར་མཐིང་གསུམ་སྐུ་ཡིག་འབྲུ། །

ཕྱག་མཚན་རྣམས་ཀྱིས་མཚན་པ་ཆར་བཞིན་བབས། །

རིམ་དང་ཅིག་ཅར་ཐིམ་པས་སྒྲིབ་བཞི་དག །

དབང་བཞི་ཐོབ་ཅིང་ལམ་བཞི་བསྒོམ་ལ་དབང་། །

སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་བསམ། །

མཐར་ནི་བླ་མ་འོད་ཀྱི་གོང་བུ་ནི། །

ལྔ་ལྡན་གྲུ་གུ་འདྲིལ་བ་ལྟར་གྱུར་ནས། །

རང་གི་སྙིང་གར་སིབ་ཀྱིས་ཐིམ་པ་དང་། །

གཟུང་འཛིན་རྟོག་བྲལ་གཉུག་མའི་རང་ཞལ་བསྐྱངས། །

ཅེས་མཉམ་པར་བཞག །

ཐུན་ལས་ལྡང་བ་ན།

དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །

དཔལ་ལྡན་བླ་མས་རྗེས་སུ་འཛིན་པ་དང་། །

གསུང་གསང་གདམས་པའི་བདུད་རྩིས་བདག་གྲོལ་ཏེ། །

མཐའ་ཀླས་བསྟན་དང་འགྲོ་བའི་དོན་བྱེད་ཤོག །

ཅེས་བསྔོ་སྨོན་དང་རྗེས་སྤྱོད་བླ་མའི་རོལ་པས་དུས་འདའ་བར་བྱའོ། །

 

ཞེས་པའང་སྨིན་གླིང་མཁན་ཆེན་རིན་པོ་ཆེ་ངག་དབང་མཁྱེན་བརྩེ་ནོར་བུས་བཀྲ་ཤིས་པའི་ལྷ་རྫས། གསེར་གྱི་དོང་རྩེ་བཅས་གསུང་ནན་ཆེ་བ་དང་། དེ་འབྲེལ་གདུང་སྲས་རིན་པོ་ཆེ་ནས་ཀྱང་འབྲི་གཞིའི་ཤོག་དཀར་བཅས་བསྐུལ་བས་མཚམས་སྦྱར་ཏེ་རྨོངས་རྒན་འདུ་ཤེས་གསུམ་པ་ཆོས་ཀྱི་བློ་གྲོས་པས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམ་སྐྱིལ་དུ་བྲིས་ཏེ་ཕུལ་བ་དགེ། སརྦ་མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept