The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Vajra Seat Aspiration—Tibetan

English | བོད་ཡིག

༄༅། །ས་ལ་སྤྱོད་པའི་འོག་མིན་རྡོ་རྗེ་གདན་དུ་སྐྱེ་བའི་སྨོན་ལམ།

 

ཨེ་མ་ཧོ།

འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན། །

དུས་གསུམ་རྒྱལ་བ་མངོན་པར་འཚང་རྒྱ་དང་། །

བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞིང་། །

གནས་མཆོག་ཁྱད་པར་ཅན་དུ་སྐྱེ་བར་ཤོག །

 

བསྐལ་བཟང་ཉི་མ་ཐུབ་དབང་སྟོབས་བཅུའི་བདག །

སངས་རྒྱས་བྱང་སེམས་ཉན་རང་སོ་སྐྱེ་སོགས། །

འཁོར་ཚོགས་རྒྱ་མཚོས་ཡོངས་སུ་བསྐོར་བ་ཡི། །

ཤཱཀྱའི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །

 

བདེ་གཤེགས་བཞུགས་དང་འཆག་དང་བཞེངས་པ་སོགས། །

གང་དུ་མཛད་པའི་གནས་རྣམས་ཐམས་ཅད་ལའང་། །

སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །

སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

ནོར་བུ་ཆུ་ཤེལ་ལྟར་དཀར་གནྡྷོ་ལ། །

བརྒྱ་བྱིན་འཕྲུལ་གྱིས་བཟོས་པའི་མཆོད་རྟེན་ནི། །

སྟེང་དང་འོག་ཏུ་དེ་བཞིན་གཤེགས་པ་ཡི། །

རིང་བསྲེལ་ཕྱུར་བུར་གཏམས་ལ་གསོལ་བ་འདེབས། །

 

ཆོས་བདུན་ལྡན་པའི་རྡོ་རྗེའི་ས་གཞི་ནི། །

བསྐལ་པ་འཇིག་ཀྱང་བཤིག་པར་མི་ནུས་ཤིང་། །

རྒྱལ་བའི་ཐུགས་ཀྱི་ཆོས་དབྱིངས་རྡོ་རྗེ་ཆེ། །

རྒྱ་གྲམ་གདན་དུ་བཏིང་ལ་གསོལ་བ་འདེབས། །

 

སྟོན་པའི་ཞལ་སྐྱིན་བྱང་ཆུབ་ཆེན་པོའི་སྐུ། །

ཐུབ་དབང་དངོས་སུ་བཞུགས་དང་ཁྱད་མེད་པ། །

སེམས་ཅན་བསོད་ནམས་མོས་པ་ལྟར་སྣང་བ། །

ངོ་མཚར་མཐོང་གྲོལ་ཆེན་པོར་གསོལ་བ་འདེབས། །

 

བྷོ་དྷི་བྲྀཀྵ་སྨོན་ལམ་མཐུས་གྲུབ་ཅིང་། །

རིན་ཆེན་སྣ་ཚོགས་ལྗོན་ཤིང་འབྲས་བུར་ལྡན། །

གྲིབ་མ་ཕོག་དང་རླུང་གི་རྫི་ཕྱོགས་ཀྱིས། །

ཐར་པའི་ས་བོན་འདེབས་ལ་གསོལ་བ་འདེབས། །

 

ཕྱོགས་མཚམས་ཀུན་ཏུ་བྱང་ཆུབ་ལྗོན་པ་དང་། །

སྐུ་གསུང་ཐུགས་ཀྱི་རྟེན་མཆོག་བགྲང་ལས་འདས། །

རྡོ་རྗེའི་ས་འཛིན་ཕྱུར་བུར་གཏམས་པ་ཡི། །

སྤྲུལ་པའི་གཞལ་མེད་ཁང་ལ་གསོལ་བ་འདེབས། །

 

རིན་ཆེན་སྣ་ཚོགས་ཨ་མོ་ནིརྐ་ཡི། །

ས་གཞི་བསྟར་ཞིང་མེ་ཏོག་ཡིད་འོང་དང་། །

ཕྱོགས་མཚམས་རི་བོ་སྨན་སྤོས་རྩི་ཤིང་རྒྱས། །

རིན་ཆེན་བྲག་རིས་མཛེས་ལ་གསོལ་བ་འདེབས། །

 

ལྷ་ཡི་ཆུ་བོ་གངྒཱ་ཡ་མུ་ན། །

ནེ་རེཉྫ་སོགས་མཆོད་ཡོན་ཕྲེང་བའི་རྒྱུན། །

ཆོས་ཀྱི་སྒྲ་ཚིག་དར་དིར་ལྷུང་ལྷུང་སྒྲོགས། །

བདེ་འཇམ་ཡངས་པའི་ཞིང་དེར་གསོལ་བ་འདེབས། །

 

སངས་རྒྱས་བྱང་སེམས་ཉན་རང་རིག་འཛིན་དང་། །

དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས་པ་ཡིས། །

བསྟོད་དབྱངས་སྒྲོགས་དང་མཆོད་པའི་ཆར་ཆེན་འབེབས། །

དུས་གསུམ་རྒྱལ་བས་བསྔགས་དེར་གསོལ་བ་འདེབས། །

 

དེ་ལྟར་ཞིང་གི་མཆོག་གྱུར་དམ་པ་འདིར། །

མ་འོངས་སངས་རྒྱས་བྱམས་ཆེན་ལ་སོགས་པའི། །

འཁོར་གྱི་ཐོག་མར་སྐྱེས་ཤིང་ལུང་བསྟན་ནོས། །

བྱང་ཆུབ་མཆོག་གི་སྤྱོད་པ་སྤྱད་གྱུར་ཅིག །

 

དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །

སྡིག་ལྷུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །

ཆོས་འཁོར་བསྐུལ་ཞིང་མྱ་ངན་མི་འདའ་གསོལ། །

དགེ་ཚོགས་འགྲོ་བ་བྱང་ཆུབ་ཕྱིར་བསྔོའོ། །

 

དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །

སྟོན་པ་ཤཱཀྱའི་རྒྱལ་པོའི་ཞབས་བསྙེན་ཅིང་། །

བསྟན་པ་རིན་ཆེན་གསལ་བར་བྱེད་པ་དང་། །

བསྟན་ལ་གནོད་རྣམས་འདུལ་བའི་མཐུ་ཐོབ་ཤོག །

 

བར་ཆད་བདུད་ཀྱིས་ནམ་ཡང་མི་ཚུགས་ཤིང་། །

ཚེ་དང་བསོད་ནམས་བློ་གྲོས་རབ་འཕེལ་ཏེ། །

མཁྱེན་གཉིས་ཡེ་ཤེས་སྣང་བ་རྒྱས་པ་དང་། །

གཞན་ལ་ཕན་པ་མཐའ་ཡས་འབྱུང་བར་ཤོག །

 

ནམ་ཞིག་རྡོ་རྗེ་གདན་དུ་མངོན་བྱང་ཆུབ། །

སངས་རྒྱས་མཛད་པ་མ་ལུས་ཡོངས་རྫོགས་ཤིང་། །

ཆོས་ཀྱི་འཁོར་ལོ་རྒྱ་ཆེན་རབ་བསྐོར་ནས། །

ནམ་མཁའ་མཉམ་པའི་འགྲོ་བ་རབ་སྒྲོལ་ཤོག །

 

ཅེས་པའང་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་བློ་གྲོས་ལུང་རྟོགས་རྒྱ་མཚོ་གཞན་ཕན་དྲི་མ་མེད་པའི་འོད་དམ་འཇམ་དཔལ་དགའ་བའི་གོ་ཆས་སྨོན་ཚིག་ཏུ་བྲིས་པའོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Jamyang Khyentse at Bodhgayā

This website uses cookies to collect anonymous usage statistics and enhance the user experience.
Decline
Accept