བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཡར་ལྷ་ཤམ་པོའི་བསང་།

English | བོད་ཡིག

༄༅། །ཡར་ལྷ་ཤམ་པོའི་བསང་བཞུགས།

 

ཀྱེ། དབུས་གཙང་རུ་བཞིའི་ཡུལ་ལྷ་ཆེ། །

ས་བརྒྱད་སེམས་དཔའ་དཀར་ཕྱོགས་སྐྱོང་། །

གཞི་བདག་ཡོངས་ཀྱི་སྡེ་དཔོན་ཆེ། །

མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ། །

དབང་ཐོབ་དམ་གནོས་དྲེགས་པའི་རྗེ། །

ཤམ་པོ་ཡབ་ཡུམ་སྲས་འཁོར་དང་། །

བཀའ་ཉན་སྤྲུལ་པའི་དམག་ཚོགས་བཅས། །

འདིར་གཤེགས་བསང་དང་གསེར་སྐྱེམས་དང་། །

དཀོར་ཆ་སྣ་ཚོགས་མཆོད་པ་བཞེས། །

ཉམས་པ་སངས་ལ་འཐིབས་པ་དྭངས། །

མི་མཐུན་གནོད་པའི་རྐྱེན་ཀུན་སྲུངས། །

མཐུན་པའི་དངོས་གྲུབ་བདག་ལ་སྩོལ། །

ཆོས་འཁོར་གཙུག་ལག་དབེན་གནས་སྐྱོངས། །

བསྟན་པ་བསྟན་འཛིན་དར་ཞིང་རྒྱས། །

འཇིག་རྟེན་བདེ་ཞིང་སྐྱིད་པ་དང་། །

བཅོལ་བའི་ལས་རྣམས་བསྒྲུབ་ཏུ་གསོལ། །

བསྟན་ལ་གནོད་པའི་ཡིད་བསྲུབས་ཚོགས། །

ཐལ་བའི་རྡུལ་བཞིན་རློགས་པ་དང་། །

རྒྱ་འདྲེ་འགོང་པོའི་རྒྱུ་ལམ་ཆོད། །

བསྟན་པའི་སྦྱིན་བདག་དབུ་འཕང་མཐོ། །

ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛོད། །

ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །

བཀྲ་ཤིས་སྲིད་ཞིའི་དཔལ་འབྱོར་ཀུན། །

ཆུ་བོའི་རྒྱུན་བཞིན་འདུ་བར་མཛོད། །

ཅེས་ཕྱེ་མར་གསེར་སྐྱེམས་མཆོད་དོ། །

 

ཅེས་པའང་མེ་སྤྲེལ་སྣྲོན་ཟླའི་ཚེས་ཉེར་གསུམ་ལ་ལྕགས་རྩི་གྲི་གུའི་ཉེ་འགྲམ་ལྷ་ཆེན་པོ་ཡར་ལྷ་ཤམ་པོའི་མདུན་སྟ་རྩ་ཆུ་མིག་གི་ནེའུ་ཐང་དུ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཡར་ལྷ་ཤམ་པོ།

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept