Increasing Life and Vitality—Tibetan

Saving Lives | Tibetan Mastersའཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Amitāyus, Buddha of Boundless Life

Further Information:

༄༅། །སྲོག་བསླུ་བྱ་ཚུལ་ཚེ་དཔལ་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ། །

བླ་མ་དང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།

གྲུབ་པའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས།

བྱ་ཉ་རི་དྭགས་རྐུན་མ་དང་།

སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས།

སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི།

ཚེ་ཐུང་བ་ཡང་ཚེ་རིང་འགྱུར།

ཞེས་གསུངས་པས་མཚོན་གསོད་པར་ངེས་པའི་སེམས་ཅན་གྱི་སྲོག་བསླུ་བ་ནི་ཚེ་སྒྲུབ་ཐམས་ཅད་ཀྱི་མཆོག་ཏུ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་གསུངས་ཤིང་རིག་པས་ཀྱང་གྲུབ་པའི་ཕྱིར་དང་། གཞན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྲོག་བསླུ་ལ་བརྩོན་པ་ཆེས་ཆེར་བསྐྱེད་པར་བྱའོ།

དེ་ལ་སྤྱིར་སེམས་བསྐྱེད་བཟང་པོ་དང་ལྡན་པས་བདག་ཏུ་བཟུང་བའི་དུད་འགྲོ་གཙོ་བོར་གྱུར་བ་རྣམས་ཀྱི་སྲོག་བསླུ་ཞིང་། རང་གིས་བསད་པ་དང་། གཞན་ལ་འཚོང་བ་སོགས་མི་བྱ་བར་རང་རང་གི་སྤྱོད་ཡུལ་དུ་བདེ་བར་འཚོ་བ་དང་། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་བསྔོ་སྨོན་གྱིས་རྒྱས་གདབ་པ་ཙམ་བགྱིས་བས་སྐབས་ཀྱི་དོན་འགྲུབ་པའི་ཕྱིར་ཆོ་ག་དམིགས་བསལ་མ་བྱས་ཀྱང་རུང་མོད།

ཡུལ་དུས་ཀྱི་སྤྲོས་པ་དང་བསྟུན་ནས་ཅུང་ཟད་རྒྱས་པར་སྤྲོ་ན། སྔ་འགྱུར་གྱི་མན་ངག་འགའ་ཞིག་ལས་སྲུང་བའི་རྟེན་དུ་འཛུགས་པ་སོགས་གཞན་ནས་འབྱུང་བ་ལྟར་བྱ་བའམ། ཐུན་མོང་དུ་ཤིས་བརྗོད་བསྔོ་སྨོན་ཙམ་སྤྲོས་ཏེ་བྱ་བར་འདོད་ན། ཆོ་འཕྲུལ་ཟླ་བ་དང་། ཟླ་བ་གང་ཡང་རུང་བའི་ཚེས་བརྒྱད་ཉ་སྟོང་སོགས་དུས་ཀྱི་འགྱུར་བ་ཁྱད་པར་ཅན་འབྱུང་བ་དང་སྟབས་འགྲིགས་ན་བཟང་ཞིང་།

ཚེ་རིང་བའི་དོན་དུ་གཙོ་བོར་བྱེད་ན་བསྒྲུབ་བྱའི་སྲོག་གཟའ་དར་བ་དང་འཕྲོད་སྦྱོར་བཟང་པོ་འཛོམས་པའི་ཉི་ཤར་ལ་བྱ།

གང་ལྟར་ཡང་སྲོག་བསླུ་བྱ་རྒྱུ་རྣམས་མདུན་དུ་འཁོད་པ་ན། སྐྱབས་སེམས།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག

ལན་གསུམ།

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག

སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག

སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག

ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམ་ཚད་མེད་པ་ལ་གནས་པར་གྱུར་ཅིག

ཅེས་ཚད་མེད་བཞི་བསྒོམ།

སྤྲོས་ན་སངས་རྒྱས་ཀྱི་མཚན་དང་། གཟུངས་སྔགས་ཁྱད་པར་ཅན་མང་དུ་བརྗོད་ན་དུད་འགྲོ་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཐེབས་པ་སོགས་ཕན་ཡོན་ཆེ། དེ་ཙམ་མི་ནུས་ཀྱང་།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །

བདེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱལ་འཚལ་ལོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུ་རྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །

ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །

ཞེས་དང་།

ཡི་གེ་དྲུག་པ།

ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱིཿ

མི་འཁྲུགས་པའི་གཟུངས།

ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་ཨཀྵོ་བྷྱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཌ་ནི་ཏྲོ་ཌ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སདྭ་ནཱཉྪ་སྭཱ་ཧཱ།

བཅུ་གཅིག་ཞལ་གྱི་གཟུངས་སོགས་ཞེས་སྐད་གསང་མཐོ་བས་བརྗོད།

ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷད་བྷྱཿསམྱཀྶཾ་བུདྡྷ་བྷྱཿ ན་མཿཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨི་ཊྚེ་བི་ཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མ། བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མཱ་པ་ན་ཡ་སྭཱ་ཧཱ།

དེ་ནས་ལག་ཏུ་མེ་ཏོག་ཐོགས་ལ།

མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པ་སོགས་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་ཞལ་ནས་ཤིས་པ་བརྗོད་པའི་དབྱངས་སྙན་སྒྲོགས་ཤིང་མེ་ཏོག་གི་ཆར་ཆེན་པོ་ཕབ་པས་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། དུད་འགྲོའི་སྐྱེས་གནས་སུ་གྱུར་པ་རྣམས་ཀྱང་གནས་སྐབས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་ཐར་ཞིང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་བདེ་བར་འཚོ་བ་དང་། མཐར་ཐུག་ཐར་པའི་ས་བོན་རྒྱུད་ལ་སྨིན་ནས་མྱུར་དུ་བྱང་ཆུབ་འཐོབ་པའི་སྐལ་བ་ཅན་དུ་གྱུར་པར་བསམས་ལ།

རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར། །

ལྷག་པར་ལྷ་ཡི་གཙུག་གི་རྒྱན་གྱུར་པའི། །

སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བ། །

དཔལ་ལྡན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །

 

སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །

སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །

འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །

སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །

 

འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །

དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །

མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །

མགོན་པོ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །

ལ་སོགས་བཀྲ་ཤིས་གང་ཤེས་ཀྱི་མཐར།

སྦྱིན་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

ཚུལ་ཁྲིམས་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

ཚུལ་ཁྲིམས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

བཟོད་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་བཟོད་པའི་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

བཟོད་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

བརྩོན་འགྲུས་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

བརྩོན་འགྲུས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

བསམ་གཏན་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་བསམ་གཏན་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

བསམ་གཏན་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

ཤེས་རབ་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་ཤེས་རབ་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

ཤེས་རབ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

ཚེ་གཟུངས་ཅི་ནུས་བཟླ་ཞིང་མེ་ཏོག་འཐོར།

ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རྭ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ།

དེ་ལྟར་བགྱིས་པའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། རང་དང་སྦྱིན་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཚེ་བསོད་དཔལ་འབྱོར་ཡེ་ཤེས་འཕེལ་བ་དང་། དུད་འགྲོ་རྣམས་ཀྱང་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་གྲོལ་ནས་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་ཤོག་ཅིག

སྙམ་དུ་འདུན་པ་རྩེ་གཅིག་པས།

དགེ་བ་འདི་ཡིས་སྐྱེ་བོ་ཀུན། །

བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །

བསོད་ནམས་ཡེ་ཤེས་ལས་བྱུང་བའི། །

དམ་པ་སྐུ་གཉིས་ཐོབ་པར་ཤོག །

 

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །

ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཤིང༌། །

སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །

སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །

 

གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ། །

དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་། །

དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པ་དང་། །

དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག །

 

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །

སྐྱེས་པ་ཉམས་པ་མེད་པ་དང་། །

གོང་ནས་གོང་དུ་འཕེལ་བར་ཤོག །

 

ཕན་བདེ་འབྱུང་བའི་གནས་གཅིག་པོ། །

བསྟན་པ་ཡུན་རིང་གནས་པ་དང་། །

བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །

སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག །

 

འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །

འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །

དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །

ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །

 

གཞན་ཡང་སྐྱེ་བ་འདི་ཉིད་དུ། །

མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །

ཚེ་རིང་ནད་མེད་ཕུན་སུམ་ཚོགས། །

རྟག་ཏུ་བདེ་དང་ལྡན་གྱུར་ཅིག །

 

བསོད་ནམས་སྟོབས་ཆེན་འདི་ཡི་མཐུས། །

སྦྱིན་བདག་འཁོར་དང་བཅས་རྣམས་ལ། །

ཚེ་འདིར་བསམ་པའི་དོན་འགྲུབ་ཅིང༌། །

བར་ཆད་ཞི་ནས་བཀྲ་ཤིས་པ། །

བསམ་པ་ཆོས་བཞིན་འགྲུབ་པར་ཤོག །

 

ཅེས་སོགས་བསྔོ་སྨོན་གང་ཤེས་དང་།

ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །

ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །

བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །

རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །

ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །

དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །

ཉོན་མོངས་དུག་ལྔ་གདུང་བའི་དགྲ་ཞི་སྟེ། །

རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །

དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །

རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །

ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །

རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །

 

སོགས་བཀྲ་ཤིས་ཀྱི་ཚིགས་བཅད་གང་ཡང་རུང་བའི་མཐར།

འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །

རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །

སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །

དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །

 

བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །

སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །

ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །

ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །

 

གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །

ཉིན་མའི་གུང་ཡང་བདེ་ལེགས་ཤིང་། །

ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །

དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །

ཡེ་དྷརྨཱ་བརྗོད་ལ་མེ་ཏོག་འཐོར་བས་བདེ་ལེགས་སུ་བྱ།

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།

སྤྲོ་ན་ཚེ་སྒྲུབ་ཀྱི་གཞུང་གཞན་ལས། ཅི་འབྱོར་སྲོག་བསླུ་བགྱིས་པའི་དཔྲལ་བ་རུ། །ཉི་ཟླའི་རྟགས་གདབ་དེ་ཕྱིན་སྲོག་མི་གཅོད། ཅེས་འབྱུང་བ་ལྟར་ཚེ་ཐར་བགྱིས་པ་རྣམས་ཀྱི་དཔྲལ་བར་མར་གྱི་ཉི་ཟླའི་གཟུགས་འདྲི་བ་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་དུ་བཤད་ལ། ནོར་ཕྱུགས་དཀར་མཚན་ཅན་ལྟ་བུའི་ཁྱུ་ཕུད་འགའ་རེ་ལ་མིང་བཀྲ་ལེགས་པར་བཏགས་པའང་བཀྲ་ཤིས་པའི་རྟེན་འབྲེལ་དུ་བཤད་པས་དེ་ལྟར་བྱའོ།

གཞན་ཡང་བྱ་དང་རི་དྭགས་དང་ཉ་སོགས་ཀྱི་སྲོག་བསྐྱབ་པའི་སླད་དུ་རི་རྒྱ་ཀླུང་རྒྱ་བསྡམ་པ་ན། གོང་དུ་བཤད་ལ་ལྟར་སེམས་བསྐྱེད་དང་བསྔོ་སྨོན་གྱི་རྩིས་ཟིན་པ་དང་། ལྷ་བསང་སོགས་དང་འབྲེལ་བར་བྱས་པས་སྤྱིར་འཆི་བ་བསླུ་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ།

ཁྱད་པར་དུ་ཡུལ་ཕྱོགས་དེར་ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས་པ་སོགས་བཀྲ་ཤིས་པའི་དགེ་མཚན་དུ་མ་འབྱུང་བ་དང་།

འཕགས་པ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་ལས།

གྲོག་སྦུར་ཚང་གི་སྒོ་དག་ཏུ།

ཟད་དང་ཆུ་དང་འབྲུ་མར་དང་།

འབྲུ་ཡི་ཕུང་པོ་རྟག་པར་ནི།

ཐུགས་བརྟན་མི་རྣམས་བགྱིད་དུ་གསོལ།

ཞེས་སོགས་གསུངས་པ་ལྟར་སྲོག་ཆགས་གྲོག་མ་ལ་ཟས་སྦྱིན་པ་དང་། ཉ་ལ་ཟན་གཙང་མ་སྦྱིན་པ་དང་། ནད་པ་ལ་སྨན་དང་། བྱིས་པ་ལ་སྟོན་མོ་དང་། འདབ་ཆགས་དང་དབུལ་ཕོངས་ལ་ཟས་སྐོམ་སྦྱིན་པ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་དང་། བསྔོ་སྨོན་དག་པའི་ཐབས་ཀྱིས་ཟིན་ན་འཆི་བ་བསླུ་བ་དང་། འབྱོར་བ་སྤེལ་བ་དང་། མཐར་ཐུག་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་སོགས་བྱ་སླ་ཚེགས་ཆུང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་པས་བློ་ལྡན་རྣམས་ཀྱིས་སྒོ་དུ་མ་ནས་ཚོགས་གསོག་པའི་ཐབས་མཁས་ལ་བརྩོན་པར་བྱའོ།

ཞེས་པའང་རང་གཞན་རྣམས་ལ་ཕན་པའི་དོན་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གུས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལྷག་པའི་བསམ་པ་རྣམ་པར་དག་པའི་ཀུན་ནས་བསླངས་ཏེ་བྲིས་པ་འདིས་ཀྱང་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། སེམས་ཅན་ཐམས་ཅད་དུས་མིན་འཆི་བའི་འཇིགས་པ་ལས་ཐར་ནས་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།

• Download this text: EPUB MOBI PDF