History of Substances and Statues—Tibetan

Literary Genres › History | Collections & Cycles › Chokling Tersar | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Kutsab Ngödrup Palbar

༁ྃ༔ དམ་རྫས་མྱོང་གྲོལ་ཕྲིན་ལས་རོལ་པ་དང་༔ མཐོང་གྲོལ་སྐུ་ཚབ་རྣམ་གཉིས་ཀྱི་ལོ་རྒྱུས་བཞུགས་སོ༔

པདྨ་བཛྲ་རྩལ་ལ་ཕྱག་འཚལ་ལོ༔ བླ་མའི་ཐུགས་སྒྲུབ་ཟབ་མོ་བསམ་ཡས་ཀྱི༔ སྙིང་པོ་སྐུ་གསུམ་སྤྱི་དང་བྱེ་བྲག་སྟེ༔ དེ་དག་ཀུན་གྱི་ཕྲིན་ལས་སྦྱོར་བའི་ཆེད༔ དམ་རྫས་མྱོང་གྲོལ་སྒྲུབ་པའི་ཕབས་འདི་ནི༔ བོད་ཡུལ་གླིང་དགུའི་ས་ཡི་སྟེ་བ་མཆོག༔ སྤྲུལ་པའི་ཞིང་ཁམས་བྲག་དམར་བསམ་ཡས་ཀྱི༔ དབེན་གནས་མཆིམས་ཕུ་དབང་ཆེན་ཕོ་བྲང་དུ༔ བཀའ་འདུས་རྒྱ་མཚོ་སྒྲུབ་པའི་ཚོགས་གྲལ་ལས༔ དཀྱིལ་འཁོར་གཙོ་མཆོག་ཁྱབ་བདག་བདེ་བ་ཆེ༔ གུ་རུ་པདྨའི་སྐུ་ཡི་བཀོད་པ་ནི༔ བསམ་གྱིས་མི་ཁྱབ་འཁོར་འདས་ཀུན་ཏུ་འཕྲོས༔ འདས་དང་ད་ལྟར་བཞུགས་པའི་རྫོགས་སངས་རྒྱས༔ བྱང་སེམས་ཁྱུ་མཆོག་ཀུན་གྱི་ཡེ་ཤེས་རྣམས༔ འོད་ཀྱི་གོང་བུ་བྱེ་བ་མཐའ་ཡས་སུ༔ སྤྱན་དྲངས་རིན་ཆེན་བུམ་པའི་ནང་དུ་ཞུགས༔ དེ་བཞིན་འཇིག་རྟེན་སྣོད་བཅུད་བདུད་རྩི་འི་ཚོགས༔ གཅིག་ཏུ་བསྡུས་ནས་སྔགས་བཞིན་ཐིམ་པ་ལས༔ སློབ་དཔོན་ཆེན་པོའི་ཏིང་འཛིན་ཆོ་འཕྲུལ་གྱིས༔ དེ་ཉིད་དམ་རྫས་དངོས་པོའི་གཟུགས་སུ་སྤྲུལ༔ མ་འོངས་དད་ལྡན་མཐོང་ཐོས་དྲན་རེག་ཀུན༔ སྐྱེ་བ་བདུན་ནས་འབད་མེད་གྲོལ་བའི་ཕྱིར༔ ཕྲིན་ལས་རྟེན་མཆོག་སྙིང་པོའི་བཙས་སུ་བཞག༔ ཕྱི་མའི་དུས་སུ་ལས་ཅན་སྐྱེས་བུས་རྙེད༔ དེ་ཚེ་འགྲོ་འདུལ་ཆོས་ཀྱི་བདག་པོ་ཡིས༔ དམ་རྫས་སེལ་མེད་རྣམས་དང་ལྷན་ཅིག་གམ༔ འདི་ཉིད་ཁོ་ན་རིན་ཆེན་སྙིང་པོ་བཞིན༔ ཁམ་སའམ་ནི་འབྲུ་དཀར་ཕྱེ་མ་དང་༔ ལེགས་པར་སྦྱར་ཏེ་དམ་རྫས་རིལ་བུའི་ཚད༔ ཡུང་ཀར་ལྔ་བསྒྲིལ་ཙམ་དུ་བྱས་ནས་སུ༔ ཕབས་ཀྱི་རིལ་བུ་རེ་རེར་འབུམ་དུ་སྤེལ༔ ཚུལ་བཞིན་བསྒྲུབ་པའི་རིལ་བུ་སུས་སྤྱོད་པ༔ ཚེ་འདིར་ནད་དང་སྡུག་བསྔལ་བར་ཆད་ཞི༔ ལེགས་རྒྱུའི་བསམ་པ་ཐམས་ཅད་འབད་མེད་འགྲུབ༔ ཕྱི་མ་ངན་སོང་གསུམ་གྱི་སྐྱེ་སྒོ་གཅོད༔ མཐོ་རིས་མི་ལུས་ཆོས་ལྡན་ངེས་པར་ཐོབ༔ རྡོ་རྗེ་གསང་མཆོག་ཉེ་ལམ་ལ་བརྟེན་ནས༔ སྐྱེ་བ་བདུན་ནས་འབད་པ་མེད་པར་གྲོལ༔ རིལ་བུ་འགྱེད་ལ་གུ་རུའི་སྙིང་པོ་མཆོག༔ གསུང་རབ་ཡན་ལག་བཅུ་གཉིས་འདུས་པའི་བཅུད༔ བླ་མའི་གསང་སྔགས་ཡི་གེ་བཅུ་གཉིས་པ༔ ཀུན་ལ་བསྐུལ་ཞིང་མཐོང་ཐོས་དྲན་རེག་ཀུན༔ བྱང་ཆུབ་སྙིང་པོར་འགོད་བའི་སྨོན་ལམ་གདབ༔ དེ་ཚེ་རྔ་ཡབ་དཔལ་གྱི་རི་བོ་ནས༔ ཨོ་རྒྱན་ཡེ་ཤེས་སེམས་དཔའ་མངོན་སུམ་འབྱོན༔ དད་ལྡན་སྐྱེས་བུའི་སྙིང་ལ་ཞུགས་ནས་ཀྱང་༔ བྱང་ཆུབ་བར་དུ་མི་འབྲལ་བྱིན་གྱིས་རླབས༔ བོད་ཡུལ་འཕྲལ་ཡུན་བདེ་ཐབས་དེ་ལས་མེད༔ གུ་རུའི་ཞལ་ཆེམས་ཡིན་ནོ་ཕྱི་རབས་རྣམས༔ ཁོ་མོ་མཚོ་རྒྱལ་བོད་ལས་སེམས་བརྩེ་སྟེ༔ གདམས་པའི་ཡང་སྙིང་བླ་མའི་སྒྲུབ་ཁོག་དང་༔ དམ་རྫས་ཡང་སྙིང་ཕྲིན་ལས་རོལ་པ་གཉིས༔ མ་འོངས་དོན་དུ་ཟབ་མོའི་གཏེར་དུ་སྦས༔ གལ་ཆེན་དོན་ལ་མོས་པའི་སེམས་ཀྱིས་སྤྱོད༔ ཡལ་བར་མ་དོར་ཕྱི་རབས་སྐྱེས་བུ་རྣམས༔ ཐ་ཚིག་སྙིང་ལ་ཕུར་ཞིག་ས་མ་ཡ༔ རྒྱ་རྒྱ༔

གུ་རུའི་སྐྱུ་ཚབ་ཐུགས་རྗེའི་འོད་འཕྲོ་འདི༔ རྫ་རྒྱལ་གོ་བོ་ཕུག་གི་གནས་མཆོག་ཏུ༔ འདུས་པ་ཆེན་པོ་པདྨ་འབྱུང་གནས་དང་༔ ཡེ་ཤེས་སྐུ་དང་ལས་ལུས་ཚུལ་བཟུང་བའི༔ རྗེས་འབྲངས་ཚོམ་བུར་འདུས་པ་སྟོང་ཕྲག་གིས༔ སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཆེ་བའི་མཆོག༔ ཤིན་ཏུ་རྣམ་པར་གྲོལ་བའི་ཧེ་རུ་ཀས༔ ཆོས་ཉིད་རང་སྒྲས་མངོན་སུམ་བསྟན་པའི་རྒྱུད༔ རྡོ་རྗེ་བཀོད་པའི་གསང་བ་ཟབ་མོའི་དོན༔ འདུས་པ་མདོ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་ཚེ༔ ནམ་མཁའ་གང་བའི་ཁྲག་འཐུང་དཀྱིལ་འཁོར་ལྷ༔ རབ་འབྱམས་སྒྲུབ་པའི་རྫས་ལ་མངོན་སུམ་ཐིམ༔ དེ་ཚེ་སྨན་ལས་ཡེ་ཤེས་འོད་འབར་ཞིང་༔ འཛམ་གླིང་ཐམས་ཅད་ཚོར་གྲོལ་དྲི་ཡིས་ཁྱབ༔ གང་གིས་མཐོང་དང་ཐོས་དང་དྲན་རེག་གམ༔ ཐུན་ཕྲན་གཅིག་ལ་ཐུན་ཆེན་འབུམ་སྤེལ་ཏེ༔ དེ་ཉིད་ཏིལ་འབྲུ་ཙམ་ཞིག་མྱོང་བས་ཀྱང་༔ ནད་དང་སྡུག་བསྔལ་བར་གཅོད་ཀུན་ཞི་ཞིང་༔ རྡོ་རྗེའི་ཚེ་དང་ལང་ཚོ་མཆོག་ཏུ་འགྲུབ༔ བདེ་ཆེན་ཡེ་ཤེས་རྩོལ་བ་མེད་པར་འཆར༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པ་ཡིས༔ སྐྱེ་བ་བདུན་ན་འབད་མེད་གྲོལ་བའི་ཚུལ༔ ཌཱ་ཀི་བྱེ་བས་རྡོ་རྗེའི་གླུ་རུ་བླངས༔ ཁྱད་པར་སྨན་གྱི་གོང་བུ་འདུས་པ་ལས༔ སྙིང་པོ་གུ་རུའི་སྐུ་འདི་ལྷུན་གྱིས་གྲུབ༔ རྨད་བྱུང་ཐུགས་རྗེའི་འོད་ཟེར་ཀུན་ལ་ཁྱབ༔ ངོ་མཚར་བསམ་ནས་ཁོ་མོས་གསོལ་བ་བཏབ༔ དེ་ཚེ་ལས་ཅན་འདུས་པ་ཐམས་ཅད་ཀྱིས༔ ཐོབ་ཤ་བྱས་ཀྱང་ཁོ་མོའི་སྐལ་བར་བབས༔ བདག་གིས་ཡུན་ཏུ་མཆོད་ཅིང་བཟུང་བའི་མཐར༔ མ་འོངས་ལས་དང་སྐལ་བར་ལྡན་པའི་ཆེད༔ འགྲོ་བའི་དོན་ཆེན་མཐའ་ཡས་བྱེད་པ་དང་༔ དངོས་གྲུབ་སྒྲུབ་ཕྱིར་འོད་འབར་བྲག་ལ་སྦས༔ འདི་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་ཀུན༔ གུ་རུ་པདྨ་མཟལ་དང་ཁྱད་པར་མེད༔ འཇིགས་དང་སྡུག་བསྔལ་མི་མཐུན་ཐམས་ཅད་སེལ༔ མཆོག་ཐུན་དངོས་གྲུབ་གསོལ་བ་གང་བཏབ་ཀུན༔ འབད་མེད་སྟེར་བའི་ཡིད་བཞིན་ནོར་བུ་སྟེ༔ ལྷ་དང་མིའི་མཆོད་སྡོང་དམ་པ་ཡིན༔ བསྟན་པའི་བཙས་འདི་གང་དུ་བཞུགས་པ་དེར༔ རྩ་གསུམ་ཆོས་སྐྱོང་རྒྱ་མཚོ་སྤྲིན་ལྟར་གཏིབས༔ དཀར་ཕྱོགས་ལྷ་ཀླུ་རྣམས་ཀྱང་ངང་གིས་འདུ༔ སྣོད་བཅུད་དགེ་མཚན་མ་ལུས་རྒྱས་པ་དང་༔ སྙིང་པོའི་བསྟན་པ་ཡུན་ཏུ་གནས་པར་འགྱུར༔ འདི་ལ་སྒྲོས་བཏོན་ཞལ་དང་སྤྱན་འཕྱེད་པས༔ འགྲོ་དོན་ལྷག་པར་ཆེ་བའི་དགོས་པ་ཡོད༔ སྐུ་ཡི་ཆ་ཤས་རྡུལ་ཕྲན་རེ་རེ་ཡང་༔ རིན་ཆེན་ས་དང་བྱེ་མ་ཨ་ཀྲོང་སྦྱར༔ སྐུ་ཚབ་གྲངས་མེད་སྤེལ་ལ་རབ་ཏུ་གནས༔ དད་ལྡན་མོས་དང་འཚམས་པའི་རྟགས་རྣམས་འབྱུང་༔ གང་དུ་བཞུགས་པའི་ཕྱོགས་དེར་བཀྲ་ཤིས་ཤིང་༔ ཐུགས་རྗེའི་བདག་ཉིད་གུ་རུ་པདྨ་ཡི༔ བྱིན་རླབས་ངེས་པར་འཇུག་པའི་ཞལ་ཆེམས་ཡོད༔ ཤེས་རབ་ཅན་གྱིས་ལེགས་པར་སེམས་ལ་སྤྱོད༔ དེ་བཞིན་སྐུ་རྒྱུའི་ཆ་ཤས་ཕྲ་མོ་དག༔ འབུར་དུ་བཏོད་དམ་རིས་སུ་བྲིས་པ་དང་༔ རྒྱ་ལས་བཏབ་པའི་སྐུ་ལ་འདྲེས་པ་ནི༔ ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པར་གྱུར༔ རྟེན་མཆོག་གྲུབ་དང་རབ་གནས་མཉམ་དུ་འབྱུང་༔ དེ་ཕྱིར་སྔོན་མེད་ངོ་མཚར་སྙིང་པོའི་མཆོག༔ གཞན་དུ་མ་སྤས་འོད་ཟེར་འབར་བའི་བྲག༔ ཌཱ་ཀི་འདུ་བའི་ཚལ་དུ་རྒྱས་བཏབ་སྟེ༔ མ་འོངས་སྐལ་ལྡན་འགྲོ་དོན་སྤྱོད་པ་ན༔ ཡིད་བཞིན་ནོར་བུ་གྲངས་མེད་འབྱུང་གནས་ཀྱི༔ ས་བོན་ཕན་བདེ་འབྱུང་བའི་གཞི་རུ་སྤས༔ ཐ་ཚིག་ཚུལ་བཞིན་སྤྱོད་ཅིག་ས་མ་ཡ༔ རྒྱ་རྒྱ༔

གུ་རུའི་སྐུ་ཚབ་དངོས་གྲུབ་དཔལ་འབར་འདི༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་གཅིག་ཏུ་འདུས་པའི་བདག༔ བདེ་བ་ཆེན་པོ་པདྨ་འབྱུང་གནས་ཉིད༔ ལས་ཅན་རྗེས་འབྲངས་འདུས་པའི་འཁོར་དང་བཅས༔ དཔའ་བོ་མཁའ་འགྲོ་དགྱེས་པའི་ཚལ་ཆེན་པོ༔ མདོ་སྨད་པདྨ་བཀོད་པའི་གླིང་མཆོག་ཏུ༔ ཡང་ཟབ་གསང་བ་བླན་མེད་པའི་ཆོས༔ དགོངས་པ་ཀུན་འདུས་སླར་ཡང་གསུངས་པའི་ཚེ༔ རྗེས་འབྲངས་རྣམས་ཀྱིས་མ་འོངས་དོན་ཆེད་དུ༔ རྡོ་རྗེའི་སྐུ་ཚབ་བཞག་པར་གསོལ་བཏབ་པས༔ གུ་རུ་པདྨའི་རྫུ་འཕྲུལ་གློག་འཁྱུགས་བཞིན༔ ཕྱུགས་བཅུ་རབ་འབྱམས་ཞིང་ཁམས་ཀུན་ཏུ་བྱོན༔ དེ་རྣམས་ཀུན་གྱི་བྱིན་རླབས་རྟེན་མཆོག་རྣམས༔ གཅིག་ཏུ་མཛད་དེ་འོད་ཀྱི་སྒྲོམ་བུར་བཅུག༔ དཀྱིལ་འཁོར་ཆེན་པོ་སྒྲུབ་པའི་དབུས་སུ་བཞག༔ རྡོ་རྗེའི་ལྟ་སྟང་དང་བཅས་དགོངས་པའི་བྱིན༔ གཏད་པ་ཙམ་གྱིས་བདུད་རྩིའི་གོང་བུར་ཞུ༔ དེ་ཉིད་མི་ཡི་ཡུལ་ན་ཆེས་དཀོན་པའི༔ མ་དྲོས་རིན་ཆེན་བྱེ་མ་ཨ་ཀྲོང་དང་༔ གནས་ཡུལ་དུར་ཁྲོད་ས་སྣ་ཀུན་དང་སྦྱར༔ འཇིམས་སུ་བྱས་ཏེ་སླར་ཡངས་དགོངས་པ་གཏད༔ འོད་ཟེར་རབ་འབར་བདེ་གཤེགས་སྲས་བཅས་ཀྱི༔ ཡེ་ཤེས་བྱིན་རླབས་གཅིག་ཏུ་འདུས་པ་ལས༔ དྲན་པ་ཙམ་གྱིས་དངོས་གྲུབ་དཔལ་འབར་བའི༔ བདེ་བ་ཆེན་པོའི་སྐུ་རུ་ལམ་མེར་བྱོན༔ མ་འོངས་གུ་རུའི་རྒྱལ་ཚབ་འགྲོ་བ་འདུལ༔ འབྲེལ་ཚད་དོན་ལྡན་ལས་ཅན་སྐྱེས་བུ་ཡིས༔ གཞན་དོན་རབ་འབྱམས་སྤྱོད་པའི་རྟེན་དུ་བཞག༔ ཐུགས་ཀྱི་ཉིང་ཁུ་མན་ངག་བཅུ་གསུམ་དང་༔ ཉོན་མོངས་དུག་ལྔ་རང་གྲོལ་གདམས་པ་བཅས༔ རྩི་སྐེ་ཆུ་བོ་དལ་གྱིས་འབབས་པའི་མདོ༔ བྲག་རི་རིན་ཆེན་བརྩེགས་པའི་མགུལ་པ་རུ༔ སེང་གེའི་ཁ་འདྲའི་ཕ་བོད་ནང་དུ་སྦས༔ ནམ་ཞིག་གུ་རུ་པདྨའི་བྱིན་རབས་ལས༔ ཆོས་བདག་གིས་བཀུལ་ལས་ཅན་སྐྱེས་བུས་རྙེད༔ འབྲེལ་ཚད་སྨིན་གྲོལ་འགྲོ་དོན་མཐའ་ཡས་འབྱུང་༔ སྐུ་ཚབ་མཆོག་འདི་མཐོང་ཐོས་དྲན་རེག་ཀུན༔ གུ་རུ་པདྨ་མཇལ་དང་ཁྱད་མེད་ཅིང་༔ མ་འོངས་གུ་རུ་མ་མཇལ་དད་ལྡན་གྱི༔ དོན་ཏུ་སྐུ་ཚབ་འདི་ཉིད་བཞག་པ་ཡི༔ དེ་བས་དད་གུས་མོས་པར་ལྡན་པ་རྣམས༔ ཕྱག་མཆོད་གསོལ་འདེབས་སྐུ་ཚབ་འདི་ལ་མཛོད༔ གསོལ་བ་གང་བཏབ་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མ་ལུས་ཐོབ་པར་གདོན་མི་ཟ༔ ཁྱད་པར་སྐུ་ཚབ་མཐོང་གྲོལ་འདི་དག་ལ༔ སྤྱན་དང་ཞལ་འབྱེད་གསེར་ཞུན་བྱུག་པ་ན༔ དེ་ལ་བླ་མའི་སྐུ་ཡི་དངོས་གྲུབ་ཐོབ༔ སྐུ་ཚབ་འདི་དག་བསྔགས་པ་སུས་བརྗོད་པ༔ དེ་ལ་བླ་མའི་གསུང་གི་དངོས་གྲུབ་ཐོབ༔ སྐུ་ཚབ་འདི་དག་ཡིད་ལ་སུས་བྱེད་པ༔ དེ་ལ་བླ་མའི་ཐུགས་ཀྱི་དངོས་གྲུབ་ཐོབ༔ སྐུ་ཚབ་འདི་ལ་གོས་དང་རྒྱན་འབུལ་བ༔ དེ་ལ་ལོངས་སྤྱོད་ཡོན་ཏན་བསམ་ཡས་ཐོབ༔ སྐུ་ཚབ་འདི་ཡིས་དབང་སྐུར་འགྲོ་དོན་སྤྱོད༔ དེ་ཡི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ༔ སྐུ་ཚབ་འདི་ལ་བཞུགས་ཁང་སུས་ཕུལ་བ༔ དེ་ཉིད་ལྷ་ཡི་གཞལ་མེད་ཡིད་འོད་སྐྱེ༔ སྐུ་ཚབ་འདི་ལ་ཞབས་ཏོ་གསུས་བྱེད་པ༔ ཚེ་རབས་ཀུན་ཏུ་དབུལ་འཕོངས་སྡུག་བསྔལ་གཅོད༔ ལོངས་སྤྱོད་ལྡན་ཞིང་འཕགས་ནོར་ཐོབ་པར་འགྱུར༔ སྐུ་ཚབ་འདི་དག་སྤྱན་སྔར་དད་མོས་ཀྱིས༔ ཚོགས་འཁོར་གསུམ་གྱིས་ངན་སོང་གསུམ་ལས་ཐར༔ ཚོགས་འཁོར་བཅུ་ཡིས་ལས་སྒྲིབ་སྡུག་བསྔལ་བྱང་༔ ཚོགས་འཁོར་ཉེར་ལྔས་གང་འདོད་དངོས་གྲུབ་ཐོབ༔ གལ་ཏེ་རྣལ་འབྱོར་ཟབ་མོ་དང་ལྡན་པས༔ ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་སུས་བསྐོར་བ༔ དེ་ལ་གུ་རུ་པདྨ་འབྱུང་ནས་ཀྱིས༔ ཞལ་གཟིགས་ལུང་བསྟན་བྱིན་རླབས་ངེས་པར་འབྱུང་༔ སྐུ་ཚབ་འདི་ལ་མེ་ཏོག་སུས་ཕུལ་བ༔ ཤེས་རབ་ལྡན་ཞིང་གཟི་བརྗིད་འབར་བར་འགྱུར༔ སྐུ་ཚབ་འདི་ལ་བདུག་སྤོས་སུས་ཕུལ་བ༔ ཚུལ་ཁྲིམས་གཙང་ཞིང་གཞན་ཕན་དཔག་མེད་འབྱུང་༔ སྐུ་ཚབ་འདི་ལ་མར་མེ་སུས་ཕུལ་བ༔ དབང་པོ་གསལ་ཞིང་ཡེ་ཤེས་སྤྱན་ཐོབ་འགྱུར༔ སྐུ་ཚབ་འདི་ལ་དྲི་ཆབ་སུས་ཕུལ་བ༔ སྒྲིབ་པ་དག་ཅིང་ནད་གདོན་བྱང་བར་འགྱུར༔ སྐུ་ཚབ་འདི་ལ་ཞལ་ཟས་སུས་ཕུལ་བ༔ ཏིང་འཛིན་འཕེལ་ཞིང་ཟས་ནོར་རྒྱས་པར་འབྱུང་༔ སྐུ་ཚབ་འདི་ལ་རོལ་མོ་སུས་ཕུལ་བ༔ བྱང་ཆུབ་སེམས་འབྱོངས་སྙན་གྲགས་ཆེ་བར་འགྱུར༔ སྐུ་ཚབ་འདི་ལ་ཁྲུས་གསོལ་སུས་བྱེད་པ༔ ནད་གདོན་སྡིག་སྒྲིབ་བར་ཆད་བྱང་བར་འགྱུར༔ སྐུ་ཚབ་འདི་ལ་ཕྱག་བསྐོར་སུས་བྱེད་པ༔ སྨྱོ་འབོགས་ལ་སོགས་ནད་གདོན་ཀུན་ལས་གྲོལ༔ མདོར་ན་དད་དང་གུས་པ་རྩེ་གཅིག་པས༔ སྐུ་ཚབ་འདི་ལ་བསྙེན་བཀུར་སུས་བྱེད་པ༔ དེ་ནི་དམན་པར་མི་འགྱུར་འཕགས་པ་ཡི༔ རིགས་སུ་སྐྱེས་ནས་བྱང་ཆུབ་མྱུར་དུ་ཐོབ༔ ཇི་ལྟར་གུ་རུ་པདྨ་འགྱུར་གནས་དང་༔ དངོས་སུ་མཇལ་ནས་བཀུར་སྟི་བྱས་པ་དང་༔ བསོད་ནམས་མཉམ་ཞིང་རྣམ་པར་སྨིན་པ་མཉམ༔ བྱིན་རླབས་དངོས་གྲུབ་ཁྱད་པར་ཅུང་ཟད་མེད༔ བླ་མ་ཡིད་བཞིན་ནོར་བུ་རིན་ཆེན་ལ༔ ཡིད་ལ་གང་འདོད་བསམ་པ་ལྷུན་གྲུབ་ཕྱིར༔ ནམ་ཡང་མི་བསླུ་གུ་རུའི་བཀའ་ཡིན་པས༔ ཕྱི་རབས་རྣམས་ལ་ཁོ་མོའི་ཐ་ཚིག་བཞག༔ སོམས་ཉི་སྤོངས་ལ་ཡིད་ཆེས་མོས་གུས་བསྐྱེད༔ ཐེ་ཚོམ་མེད་ན་བསམ་པ་ངེས་པར་འགྲུབ༔ སྙིང་ནས་གསོལ་བ་ཐོབ་ཅིག་ཕྱི་རབས་རྣམས༔ ཐ་ཚིག་གཅེས་པར་ཟུངས་ཤིག་ས་མ་ཡ༔ རྒྱ་རྒྱ༔

དེ་ལྟར་འགྲོ་དོན་ཁྱད་འཕགས་ཀུན་གྱི་ཕུལ༔ མྱོང་བས་གྲོལ་བའི་དམ་རྫས་བརྒྱ་ཕྲག་དང་༔ མཐོང་བས་གྲོལ་བའི་སྐུ་ཚབ་ཟུང་གཅིག་གིས༔ ལོ་རྒྱུས་ཕན་ཡོན་སྙིང་པོར་བསྟན་པ་འདི༔ ཐུགས་རྗེའི་བདག་ཉིད་གུ་རུའི་བཀའ་བཞིན་ཏུ༔ མཚོ་རྒྱལ་བདག་གིས་གསང་བའི་ཡི་གེར་བྲིས༔ མཁའ་འགྲོའི་འདུ་གནས་འོད་འབར་བྲག་ལ་སྦས༔ མ་འོངས་ལྷ་སྲས་སྐྱེ་བ་རཏྣའི་མིང་༔ ཨོ་རྒྱན་གསུང་འཛིན་འགྲོ་འདུལ་མཆོག་གྱུར་གླིང་༔ བསྐལ་དུས་སྙིགས་མ་ལས་ཀྱང་སྙིགས་མའི་དུས༔ འགྲོ་བའི་གདུང་སེལ་ཐོག་བབས་ཚུལ་དུ་འབྱུང་༔ གསང་སྤྱོད་ཟབ་མོའི་རྟེན་འགྲེལ་གྲོགས་དང་བཅས༔ ཡིད་བཞིན་ནོར་བུའི་མཆོག་རྣམས་རྙེད་གྱུར་ཏེ༔ མངའ་བདག་ཡབ་སྲས་རྗེས་འབྲངས་ཚོགས་བཅས་རྣམས༔ བསམ་བཞིན་སྲིད་པ་བཟུང་བའི་བསྟན་འཛིན་དང་༔ བསྟན་པ་མཆོད་པའི་སྦྱིན་བདག་གཙོར་གྱུར་པའི༔ ལས་ཅན་རྣམས་ཀྱི་མོས་པ་ཚུལ་བཞིན་བསྐང་༔ འབྲེལ་ཚད་སྨིན་གྲོལ་ཕྲིན་ལས་མཐར་ཕྱིན་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔
སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་གོ་སྟོད་འོད་འབར་བྲག་ནས་སྤྱན་དྲངས་པའི་འཕྲུལ་ཤོག་ལས་གཏན་ལ་ཕབས་རིམ་བཞིན་ཏུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །སརྦ་ས་ཏྭ་བི་མོ་ཙ་བྷནྟུ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept