Supplementary Instructions for Longchen Nyingtik Phowa—Tibetan

Collections & Cycles › Longchen NyingtikLongchen Nyingtik Phowa | Practices › Transference | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Buddha Amitābha, 'Boundless Light'

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་འཕོ་བའི་མཚམས་སྦྱོར་ཉུང་གསལ།

 

ན་མཿཤྲཱི་གུ་ར་ཝེ།

འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུན་མོང་གི་འཕོ་བའི་མཚམས་སྦྱོར་ཅུང་ཟད་སྤྲོ་ན།

ཀུན་མཁྱེན་རིན་པོ་ཆེ་རང་ཉིད་ཀྱིས་སྩལ་བའི་མཚམས་སྦྱོར་ལས།

སྐྱེ་བ་སྔ་ཕྱིའི་ཉིང་མཚམས་སྦྱོར་བ་ཡིན་པས་ཞེས་པའི་མཚམས།

ཐོག་མར་རྒྱུད་སྦྱང་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་མངོན་སུམ་ལྟ་བུར་བཞུགས་ཡོད་སྙམ་པའི་མོས་པས་སྐྱབས་སུ་འགྲོ་བ་དང་།

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སོགས་ཚིག་གི་རྗེས་སུ་དོན་དྲན་པས་ངེད་ཀྱི་རྗེས་ཟློས་རྩེ་གཅིག་ཏུ་བགྱིད་པའི་འདུན་པ་སྐྱེད་མཛོད།

ཅེས་བརྡ་སྦྱར་ལ་སྐྱབས་སེམས་སོགས་སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པ་དང་།

སངས་རྒྱས་ཀྱི་མཚན་བརྗོད་པ། སྲས་གཅིག་གི་རྒྱུད་ཀློག་པ། གཟུངས་སྔགས་ཁྱད་པར་ཅན་བཟླ་བ་སོགས་སྐབས་དང་བསྟུན་པ་བྱས་རྗེས།

དེ་ལྟར་ཐུན་མོང་ལམ་གྱི་རིམ་པས་རྒྱུད་དག་པར་བྱ་བ་སྔོན་དུ་སོང་ནས།

བཙན་ཐབས་འཕོ་བའི་མཚམས་སྦྱོར་དངོས་བསྟན་པ་ཡིན་པས་སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད།

ཨོཾ་མ་ཧཱ་ཤུནྱ་ཏཱ་སོགས། 

གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར།

སྟོང་པའི་ངང་ལས་སྐད་ཅིག་གིས་ཁྱེད་རང་གི་གཞི་ལུས་ཀྱི་བཀོད་པ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ།

གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ།

མཆན་ཁུང་གཡོན་ན་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་ག་འཁྱུད་པ།

དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ།

གཡོན་བརྐྱངས་པའི་དོར་སྟབས་ཀྱིས་པདྨ་ཉི་མ་བམ་རོའི་སྟེང་ན་བཞུགས་པར་གསལ་བའི་སྐུའི་དབྱིབས་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་དུ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུགས་ཙམ་པ་སྟོང་སང་ངེ་འོད་ཀྱི་སྦུ་གུའི་རྣམ་པར་གསལ་བའི་ཡར་སྣེ་ཚངས་བུག་གི་གནས་སུ་རྒྱ་མཐོངས་ཁ་བྱེ་བ་ལྟར་ཧ་རེ་ཡོད་པ། མར་སྣེ་ལྟེ་འོག་སོར་བཞིའི་གནས་སུ་ཁ་ཟུམ་པ།

སྙིང་གའི་ཐད་སྨྱུག་མ་ཚིགས་ཀྱིས་བཅད་པ་ལྟ་བུའི་སྟེང་དུ་རླུང་གི་རང་བཞིན་ཐིག་ལེ་ལྗང་སྐྱ་སྲན་མ་ཙམ་པ་ཅུང་ཟད་གཡོ་བ་དང་བཅས་པ་ལ་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འབྲུ་མར་གྱི་སྡོང་བུ་ལྟར་འབར་བས་མཚན་པར་གསལ་བཏབ།

 

སྤྱི་བོར་ཁྲུ་གང་ཙམ་གྱིས་མཐོ་བའི་ནམ་མཁར་ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འཇའ་ཟེར་ཐིག་ལེར་འཁྲིགས་པའི་ཀློང་དུ་པདྨ་ཟླ་བའི་གདན་ལ་སྐྱབས་གནས་ཀུན་འདུས་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མ་མཆིས་པའི་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ།

ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་ཏུ་གསོལ་ཞིང་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ།

ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་།

གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་ལ་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་འཁོར་གྱིས་བསྐོར་ཏེ་ཁྱེད་རང་གི་ཐར་པའི་ལམ་སྟོན་ཆེན་པོར་མངོན་སུམ་ལྟ་བུར་བཞུགས་ཡོད་སྙམ་པའི་མོས་པས།

བདག་གིས་བླ་མ་ལ་གསོལ་བ་བཏབ་ཅིང་ཧྲཱིཿལྔ་ཚར་བརྗོད་པའི་ཚེ།

ཁྱེད་རང་གིས་ཀྱང་སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་ཤེས་པ་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་གསོལ་བ་བཏབ་པས་སྙིང་གའི་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཡིག་འབྲུ་དང་བཅས་པ་དེ་ཉིད་དབུ་མའི་ལམ་བརྒྱུད་ནས་ཤོག་སྐྱ་རླུང་གིས་བཏེགས་པ་བཞིན་ཡར་ཡར་འགྲོ་བའི་ངང་ལ་ཕཊཿ

ཅེས་དྲག་ཏུ་བརྗོད་པ་དང་ལྷན་ཅིག་ཏུ་མདའ་འཕངས་པ་བཞིན་དུ་སོང་ནས་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་སྤྲོས་བྲལ་བློ་འདས་ཀྱི་དབྱིངས་སུ་མཉམ་པར་ཞོག་མཛོད། ཞེས་བརྗོད་པ། 

གཙོ་བོར་རང་ཉིད་ཀྱིས་འདུན་པ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས།

ཨེ་མ་ཧོཿ གནས་རང་སྣང་དོན་གྱི་འོག་མིན་ན༔

ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་༔

སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི༔

སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས༔

དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས༔

ཡིད་མོས་གུས་གདུང་བས་གསོལ་བ་འདེབས༔

ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔

གནས་འོག་མིན་བགྲོད་པར་བྱིན་གྱིས་རློབས༔

དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔

ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ

ཞེས་རྐན་གྱི་སྦུབས་ནས་བརྗོད་པའི་མཐར།

ཕ྄ཊཿ ཕ྄ཊཿ ཕ྄ཊཿ ཕ྄ཊཿ ཕ྄ཊཿ

ཅེས་པས་བླ་མ་འོད་དཔག་མེད་ཀྱི་སྐུ་ལྔ་ཡེ་ཤེས་ལྔ་དབྱེར་མེད་བདེ་བ་ཆེན་པོའི་ཀློང་དུ་འཕོའོ། །

དེ་ལྟ་བུའི་དམིགས་པའི་རྟེན་གོམས་ཡིད་ཆེས་པའི་རྟགས་མ་བྱུང་བར་དུ་བསྐྱར་ནས།

མཐར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་ཅིང་།

དེ་ལས་ལྡང་བ་ན་རྗེས་ཐོབ་སྙིང་རྗེ་ཆེན་པོའི་བློས་བསྔོ་སྨོན་གྱིས་མཚམས་སྦྱོར་རྒྱས་པར་བྱའོ། །

ཡང་གནས་ལུང་གི་སྐབས་སུ།

འོ་ཚེ་ལས་འདས་པ་མིང་འདི་ཞེས་བྱ་བ་ཁྱོད་ཉིད་འཆི་བ་ཡིན་ནོ། །

དེ་ཡང་འཆི་བ་ཞེས་བྱ་བ་དེ་ཁྱོད་གཅིག་པུ་ལ་བྱུང་བ་མ་ཡིན་ཞེས་སོགས་ནས། 

སྨོན་འཇུག་གི་སེམས་བསྐྱེད་སྒོམས་ཤིག༔

ཅེས་པའི་བར་གཞུང་ལྟར་ལ།

དེ་དག་གནད་དུ་འགྲོ་བའི་རྟེན་འབྲེལ་དུ།

བདག་གིས་ཀྱང་བཅོམ་ལྡན་འདས་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་གནས་ལུང་དབང་བསྐུར་གྱི་ཆོ་ག་ཟབ་མོའི་སྒོ་ནས་ཐར་པའི་ལམ་སྟོན་པ་སྐབས་སུ་བབ་པ་ཡིན་པས།

ཕུང་པོའམ་མིང་བྱང་འདི་ཉིད་ལ་རྣམ་ཤེས་ཀྱི་རྟེན་ཆོས་ལ།

ལུས་ཀྱིས་ཕྱག་འཚལ་བ་དང་། ངག་གིས་སྐྱབས་འགྲོ་གསོལ་འདེབས། ཡིད་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་ཐམས་ཅད་སྤངས་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་ཐོབ་མཛོད།

ཅེས་བརྡ་སྦྱར་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། དབང་བསྐུར་སོགས་རང་རང་གི་གཞུང་ལྟར་བྱའོ། །

གལ་ཏེ་གནས་ལུང་དང་འཕོ་བ་སྦྲེལ་མར་བྱེད་ན། རྟེན་བསྐྱེད་ནས་བཟུང་སྟེ་ཟས་བསྔོའི་བར་གྲུབ་ནས།

དེ་ལྟར་སྡིག་པ་སྦྱངས་ཤིང་དབང་བསྐུར་བ་སྔོན་དུ་སོང་ནས།

སླར་ཡང་མྱུར་ལམ་ཟབ་མོ་འཕོ་བའི་རྣལ་འབྱོར་ལ་བརྟེན་ནས་དག་པའི་ཞིང་ཁམས་ཆེན་པོར་བཙན་ཐབས་དབུགས་དབྱུང་བའི་སྐབས་སུ་བབ་པ་ཡིད་གཞན་དུ་མ་ཡེངས་བར་དམིགས་པ་འདི་བཞིན་དུ་མཛོད།

ཨོཾ་མ་ཧཱ་ཤུནྱ་ཏཱ་སོགས་སྔར་བཞིན་སྦྱར། 

ཡང་སྐབས་སུ་འགའ་ཞིག་ཏུ་གསོན་པོ་ལ་འཕོ་བའི་དམིགས་རིམ་འབོག་པའི་ཚེ།

འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་བསམ་ཡིད་ལ་མཆོག་ཏུ་བཅགས་ཏེ་དམ་པའི་ཆོས་ཉན་པ་ལ་ཞུགས་པ་ནི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་དམ་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས།

སེམས་ཅན་ཁམས་ནི་ཚད་མེད་པ། །

ཕན་འདོད་དེ་ནི་དེ་འདྲའོ། །

ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཐུགས་ལ་བཅངས་ཏེ་གསན་པར་ཞུ།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། སློབ་དཔོན་ཆེན་པོ་ཞི་བ་ལྷས།

དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །

སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །

གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །

ཕྱིས་ནི་ཡང་དག་འབྱོར་བར་ག་ལ་འགྱུར། །

ཞེས་གསུངས་པ་ལྟར་ད་རེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལག་ཏུ་ལོན་པའི་དཔེས་བརྒྱ་སྟོང་གི་ཆར་ཡང་མི་ཕོད་པའི་དལ་བའི་རྟེན་བཟང་པོ་འདི་ལྟ་བུ་རྙེད་པའི་སྐབས་སུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་ཐབས་ལྷུར་ལེན་དགོས།

དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཐབས་མཁས་ཤིང་ཐུགས་རྗེ་ཚད་མེད་པས་སེམས་ཅན་གྱི་ཁམས་ཡལ་བར་མི་འདོར་བའི་ཕྱིར།

གདུལ་བྱ་རྣམས་ཀྱི་ཁམས་དབང་བསམ་པ་བག་ལ་ཉལ་གྱི་རིམ་པ་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་ནང་ནས་མཆོག་དང་།

ཕུལ་དང་རབ་ཏུ་གྱུར་པ་ནི་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་ཁོ་ན་ཡིན་ཅིང་། དེ་ལས་ཀྱང་ཇི་སྐད་དུ་དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས།

ཉེས་པ་ཀུན་གྱིས་གོས་པ་ཡང་། །

འཕོ་བའི་སྦྱོར་བ་སྦྱོང་བས་གྲོལ། །

སྡིག་གིས་ཀུན་ནས་མི་གོས་ཏེ། །

འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ།

ཞེས་སོགས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་ལན་གཅིག་མ་ཡིན་པར་བསྔགས་པའི་མ་བསྒོམས་སངས་རྒྱས་འཕོ་བའི་མྱུར་ལམ་ལ་བརྟེན་ནས་མཁའ་སྤྱོད་ཀྱི་གོ་འཕང་བདེ་བླག་ཏུ་སྒྲུབ་པའི་གདམས་པ་ཟབ་མོས་རྗེས་སུ་གཟུང་བའི་སྐབས་ཡིན།

དེ་ལའང་མན་ངག་གི་རྣམ་གྲངས་མཐའ་ཀླས་ཀྱང་བསྡུ་ན་ལྔར་འདུས་ཏེ།

རབ་ཆོས་སྐུ་གཏན་མེད་ཀྱི་འཕོ་བ།

འབྲིང་ལོངས་སྐུ་ཟུང་འཇུག་གི་འཕོ་བ།

ཐ་མ་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བ།

རང་དོན་དུ་འདུ་ཤེས་སུམ་ལྡན་གྱི་འཕོ་བ།

གཞན་དོན་དུ་ཐུགས་རྗེའི་ལྕགས་ཀྱུའི་འཕོ་བ་སྟེ་རྣམ་པ་ལྔར་ཡོད་པ་ལས།

འདིར་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བའི་གདམས་པ་ཉམས་སུ་བླངས་པ་ལའང་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས།

ཐོག་མར་སྔོན་འགྲོས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་ཡོད་སྙམ་པའི་མོས་པས།

དེ་རྣམས་ཀྱི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ།

དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཅི་མཛད་ཁྱེད་མཁྱེན་སྙམ་པའི་རེ་ལྟོས་ལིང་སྒྱུར་གྱིས་སྐྱབས་སུ་འགྲོ་བ་དང་།

སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་འཕོ་བའི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། 

ན་མོཿ དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ༔

རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས༔

ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ༔

བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔

 

ཧོཿ སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིས༔

འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ༔

རང་རིག་འོད་གསལ་དབྱིངས་སུ་ངལ་བསོའི་ཕྱིར༔

ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ༔

སོགས་སྐྱབས་སེམས་ལན་གསུམ། སྤྲོ་ན།

སླར་ཡང་ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་བསགས་སྦྱངས་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད།

ཧྲཱིཿ ཆུ་ལས་ཆུ་བུར་ཇི་བཞིན་དུ༔

ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷར༔

བདག་ལུས་ཞིང་གི་རྡུལ་སྙེད་དུ༔

རྣམ་པར་འཕྲུལ་པས་ཕྱག་འཚལ་ལོ༔

དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས༔

སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔

སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔

འོད་གསལ་ཆོས་སྐུའི་ངང་དུ་བཤགས༔

བདེན་པ་གཉིས་ཀྱིས་བསྡུས་པ་ཡི༔

དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔

རིགས་ཅན་གསུམ་གྱི་གདུལ་བྱ་ལ།

ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔

ཇི་སྲིད་འཁོར་བ་མ་སྟོངས་བར༔

མྱ་ངན་མི་འདའ་བཞུགས་གསོལ་འདེབས༔

དུས་གསུམ་བསགས་པའི་དགེ་རྩ་ཀུན༔

བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོཿ

བར་ལན་གསུམ།

དེ་ལྟར་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་སོང་ནས། དངོས་གཞིའི་མྱུར་ལམ་ཟབ་མོ་ལ་འཇུག་པའི་སླད་དུ། ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་རྒྱུ་བ་རང་སོར་བཞག །སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད།

ཨོཾ་མ་ཧཱ་ཤུནྱ་ཏ་སོགས་ནས། 

ཁྱེད་རང་རྣམས་ཀྱི་ཕུང་ཁམས་དང་སྐྱེ་མཆེད་ཀྱི་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར།

སྟོང་པའི་ངང་ལས་ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་འོག་མིན་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་ཆེན་པོར་གསལ་བའི་དབུས་སུ་ཁྱེད་རང་རྣམས་སྐད་ཅིག་གིས་གཞི་ལུས་ཀྱི་བཀོད་པ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སོགས་སྔར་བཞིན་དུ་སྦྱར་ལ། 

གསོལ་འདེབས་དང་དམིགས་པའི་བརྟེན་གོམས་ཇི་ལྟར་རིགས་པའི་མཐར།

དེའི་དངོས་གཞིའི་ཆོས་རྣམས་གྲུབ་ནས་རྗེས་ཀྱི་རིམ་པ་ནི།

སྤྱི་བོའི་བླ་མ་འོད་དཔག་མེད་པའི་ཐུགས་ཀ་ནས་རླུང་སེམས་ཀྱི་ཐིག་ལེ་ཡི་གེ་དང་བཅས་པ་མར་བབ་ནས་སྙིང་དབུས་པདྨའི་གདན་ལ་གཡོ་མེད་དུ་གནས་པ་ལ་སེམས་ཡུན་རིང་དུ་བཟུང་ནས།

མཐར་སྤྱི་བོའི་ལྷ་ཚོགས་རྣམས་ཀྱི་འཁོར་རྣམས་གཙོ་བོ་ལ་ཐིམ།

གཙོ་བོ་འོད་དམར་པོ་བདུད་རྩིའི་རྣམ་པར་ལྟེམས་ཀྱིས་ཞུ་ནས་རང་ལ་ཐིམ་པས།

རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ།

ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཀྱི་བདུད་རྩིས་གང་བའི་ཚེའི་བུམ་པ་བསྣམས་པ།

དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་དབུ་མའི་ཡར་སྣ་ཟླ་དཀྱིལ་དང་སྣ་ཚོགས་རྡོ་རྗེས་བཀག་པར་གསལ་བཏབ་ལ།

སླར་ཡང་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་འཁོར་འདས་ལམ་གསུམ་གྱི་ཚེ་བཅུད་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུར་གྱུར་པའི་མོས་པ་མཛོད།

ཅེས་དང་།

ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ།

བརྒྱ་རྩ་བརྒྱད་ལྷན་གཅིག་ཏུ་བཟླ།

དེས་ཟབ་ལམ་འཕོ་བའི་གདམས་པ་ལེགས་པར་ཐོབ་པ་ཡིན་པས་གནས་སྐབས་ཀུན་ཏུ་དམིགས་པའི་རྟེན་གོམས་ལ་བསླབ་པ་དང་།

ནམ་ཞིག་འཆི་ངེས་པའི་དུས་ལ་བབ་པའི་ཚེ་ན། རང་དོན་འདུ་ཤེས་སུམ་ལྡན་གྱི་འཕོ་བས་ལས་ལ་སྦྱར་བ་ནི།

ཚེ་འདིར་སྣང་གི་ཆགས་སྡང་གི་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་ལ།

རྩ་དབུ་མ་ལམ་གྱི་འདུ་ཤེས། རང་ཉིད་ལམ་དེར་འགྲོ་བའི་འདུ་ཤེས། བླ་མའི་ཐུགས་ཀར་འཕོ་བའི་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙིང་གའི་རླུང་སེམས་ཀྱི་ཐིག་ལེ་ཡིག་འབྲུ་དང་བཅས་སྔར་བཞིན་དུ་འཕོས་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་ངང་ལ་མཉམ་པར་བཞག་པ་དང་།

གཞན་ཡང་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཉིང་མཚམས་སྦྱར་བའི་དམིགས་ཡུལ་གྱི་སླད་དུ་ཐུགས་རྗེའི་ལྕགས་ཀྱུའི་འཕོ་བས་དག་པའི་ཞིང་ཁམས་སུ་དབུགས་དབྱུང་བ་སོགས་དོན་གཉིས་རླབས་པོ་ཆེ་སྒྲུབ་པའི་ཐབས་ལ་མཁས་པར་བྱའོ། །

དེ་ལྟར་གདམས་པ་ཟབ་མོ་ཉམས་སུ་བླངས་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བ་རྩ་བ་ཅི་མཆིས་པ་རྣམས་རང་གཞན་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟག་པ་མེད་པའི་བསྔོ་བས་རྒྱས་འདེབས་མཛད་པར་ཞུ།

བསྔོ་སྨོན་རྒྱས་བསྡུས་ཇི་ལྟར་རིགས་པར་བྱའོ། །

 

ཞེས་པའང་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་འཕོ་བ་མ་བསྒོམས་སངས་རྒྱས་དང་། ངོ་སྤྲོད་ཀྱི་མཚམས་སྦྱོར་ཉུང་ངུ་དམིགས་བསལ་གྱི་ཁྱད་ཆོས་སྦྱར་བར་འོས་པ་རྣམས་ཅུང་ཟད་སྤྲོས་པ་ཕྱོགས་དང་དུས་ཐམས་ཅད་དུ་ཕན་པ་དང་བདེ་བའི་ཉེར་འཚོའི་གཞི་བླ་ན་མེད་པར་གྱུར་ཅིག །

 

ཅེས་པའང་མཁྱེན་བརྩེའི་དབང་པོས་སོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept