བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་མཆོད་པའི་རྡོ་རྗེའི་གླུ་བདེ་ཆེན་རྟག་པ་དམ་པའི་སྤྲིན་གྱི་རོལ་མོ།

English | བོད་ཡིག

༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་མཆོད་པའི་རྡོ་རྗེའི་གླུ་བདེ་ཆེན་རྟག་པ་དམ་པའི་སྤྲིན་གྱི་རོལ་མོ་ཞེས་བྱ་བ།  །

 

འོད་གསལ་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་རོལ་མོ། །

ཟུང་འཇུག་དྭངས་མའི་གཟུགས་སྐུར་མངོན་སུམ་དུ་ཤར་བ། །

དྲན་པས་སྙིང་གི་གདུང་སེལ་དཔལ་ལྡན་གྱི་བླ་མས། །

བདེ་སྟོང་ཡེ་ཤེས་སྐྱེ་བར་བྱིན་གྱིས་རང་རློབས་ཤིག །

 

ཨེ་དབྱིངས་ཤིན་ཏུ་རྣམ་དག་སྤྲོས་བྲལ་གྱི་གནས་ལུགས། །

ཝྃ་ཡིག་བཅུ་དྲུག་དགའ་བའི་མཚན་དཔེ་རུ་བཞེངས་པའི། །

ལྷན་སྐྱེས་མཁའ་ལ་སྤྱོད་པ་རྣལ་འབྱོར་གྱི་དབང་མོས། །

རླུང་སེམས་དབུ་མར་ཐིམ་པའི་དངོས་གྲུབ་ཞིག་སྩོལ་དང༌། །

 

ཡུལ་ཆེན་ཉི་ཤུ་རྩ་བཞིར་རང་བཞིན་གྱིས་སྣང་བའི། །

ཐབས་ཤེས་ཕྱག་རྒྱའི་གཟུགས་འཆང་དཔའ་བོ་དང་མཁའ་འགྲོས། །

ཞིང་སྐྱེས་ཕོ་ཉའི་ཚོགས་ཀྱི་འདུ་བ་ལ་བརྟེན་ནས། །

བདེ་ཆེན་ཉམས་བརྒྱས་སྒེག་པའི་སྐལ་བཟང་ལ་སྦྱོར་ཞིག །

 

སྟོང་ཉིད་མཁའ་ལ་བྲིས་པའི་ཏིང་འཛིན་གྱི་ཉམས་འགྱུར། །

ངོ་མཚར་དབང་པོའི་གཞུ་བཞིན་སྣ་ཚོགས་སུ་འཆར་བའི། །

སྔགས་སྐྱེས་རྡོ་རྗེ་བཙུན་མོའི་བསམ་གཏན་གྱི་དགའ་མ། །

ཅིར་སྣང་བདེ་ཆེན་འདྲེན་པའི་སྐྱོ་གྲོགས་ལ་ཕེབས་དང༌། །

 

རྨད་བྱུང་རྡོ་རྗེ་ཐེག་པའི་ལམ་བཟང་གི་མཐར་ཐུག །

རྣལ་འབྱོར་གསང་མཐའི་བདུད་རྩིའི་དགའ་སྟོན་ལ་སྤྱོད་པས། །

བརྟན་གཡོའི་ཚུལ་དུ་ཤར་བའི་ཐ་མལ་གྱི་དངོས་ཀུན། །

ཧེ་རུ་ཀ་དཔལ་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །

 

ཞེས་པའང་འཇམ་མགོན་བླ་མ་རིན་པོ་ཆེ་ངག་གི་དབང་ཕྱུག་བྱམས་པ་ཕུན་ཚོགས་དཔལ་བཟང་པོས་འདི་སྟར་བྲིས་ཞེས་རྡོ་རྗེའི་བཀའ་སྩལ་སྤྱི་བོར་མཆོད་དེ། བྱ་བྲལ་བ་ཀུན་ཏུ་རྒྱུ་མཉྫུ་གྷོཥས་གསོལ་བ་བཏབ་པའི་སིདྡྷི་རསྟུ།། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Khecharī (Khachöma)

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept