ཆབ་གཏོར་རྒྱས་པའི་སྐབས།
༄༅། །ཆབ་གཏོར་རྒྱས་པའི་སྐབས།
ཆབ་གཏོར་རྒྱས་པའི་སྐབས། ལན་ཆགས་བུ་ལོན་འཁོར་བའི་དོན་ལ། སྤྱིར་དྲི་མ་དང་། སྒྲིབ་གཉིས་ལ་སོགས་པ་ནི། རང་ས་ནས་དག་བྱ་ཡིན་པས་བྱང་དག་གི་སྒྲ་འཇུག་ལ། ཕ་མའི་དྲིན་ལན་དང་ལན་ཆགས་བུ་ལོན་ལ་སོགས་པ་ནི་གཞན་ས་ལ་ལན་སློན་པ་ཡིན་པས་འཁོར་བའི་སྒྲ་སྟེ། དཔེར་ན་མུ་མ་འབྲེལ་བའམ་རྒྱུན་ཆད་པ་མེད་པར་ལན་ཆགས་ཁ་མ་འཁོར་བ་མེད་པའི་དོན་ཏེ། འཇིག་རྟེན་པའི་ཁ་སྐད་ཙམ་ལའང་ཕ་མའི་དྲིན་ལན་འཁོར་ཞེས་སྨྲ་བའི་ཕྱིར་རོ། སྤྱིར་ཆབ་གཏོར་གྱི་ཁུངས་ནི་བཀའ་འགྱུར་ནང་ནས་གཟུགས་ལེགས་ཞེས་བྱ་བའི་གཟུངས་དང་། ཡེ་ཤེས་སྐར་མདའི་སྙིང་པོ། ཡི་དྭགས་མོ་ཁ་འབར་མ་དབུགས་ཕྱུང་བའི་གཏོར་ཆོག་དང་། ཁ་ལས་མེ་འབར་མ་ལ་སྐྱབས་སྦྱིན་པའི་གཟུངས་དང་། འཇུར་གེགས་ཞེས་བྱ་བའི་གཟུངས་རྣམས་ལས། ཁ་ལས་མེ་འབར་མའི་གཟུངས་ལས་མཚན་བཞི་བཤད་ཅིང་། འགའ་ཞིག་སྤྱི་བོ་ལ་སོགས་པར་དེ་བཞིན་གཤེགས་པ་བཞི་པོ་སྒོམ་ཟེར་བའང་བཀའ་དངོས་བསྟན་ལ་ནི་མཚན་བརྗོད་པའི་བྱིན་རླབས་དང་ཕན་ཡོན་ཙམ་ལས་མངོན་རྟོགས་དང་སྒོམ་ཡུལ་མ་བཤད། དེ་བཞིན་དུ་མགྲོན་བཞིའི་ཐ་སྙད་ཀྱང་མ་བཤད་མོད། གཏོར་མའི་རིང་ལུགས་མི་མཐུན་པ་མང་པོ་ནི་བོད་འདིར་རང་སྟོབས་ཀྱི་བློའི་འཇུག་པ་དང་མཐུན་པར་བཤད་པ་འབའ་ཞིག་ཡིན་ནོ། །ཞེས་པའང་ལན་ཆགས་བུ་ལོན་ལ་འཁོར་སྒྲ་མི་འཐད་ཟེར་བའི་བླུན་གཏམ་ཟློག་ཕྱིར་རོ། །
