Praise to Eight Vidyādharas—Tibetan
༄༅། །འཕགས་ཡུལ་རིག་འཛིན་བརྒྱད་ལ་བསྟོད་པ།
འཇམ་དཔལ་བཤེས་གཉེན་སྐུ་ཡི་རིག་འཛིན་ཆེ། །
ན་གརྫུ་ན་གསུང་གི་རིག་འཛིན་ཆེ། །
ཧཱུཾ་ཆེན་ཀ་ར་ཐུགས་ཀྱི་རིག་འཛིན་ཆེ། །
བི་མ་མི་ཏྲ་ཡོན་ཏན་རིག་འཛིན་ཆེ། །
པྲ་བྷ་ཧསྟི་ཕྲིན་ལས་རིག་འཛིན་ཆེ། །
དྷ་ན་སཾ་ཀྲྀ་མ་མོའི་རིག་འཛིན་ཆེ། །
རོམྦུ་གུ་ཧྱ་མཆོད་བསྟོད་རིག་འཛིན་ཆེ། །
ཤིནྟཾ་གརྦྷ་དྲག་སྔགས་རིག་འཛིན་ཆེ། །
དཔལ་ཆེན་སྒྲུབ་སྡེ་བརྒྱད་ལ་མི་གཉིས་པའི། །
སྤངས་རྟོགས་ཡོན་ཏན་ཚད་བཟུང་བསམ་ལས་འདས། །
ཆེ་བའི་ཆེ་མཆོག་ཧེ་རུ་ཀ་དཔལ་དངོས། །
འཛམ་གླིང་རྒྱན་མཆོག་བརྒྱད་ལ་གུས་པས་འདུད། །
ཁྱད་པར་འཕགས་པའི་ཡོན་ཏན་དུ་མས་བརྒྱན། །
འཕགས་བོད་གཉིས་སུ་འགྲན་ཟླ་ཀུན་དང་བྲལ། །
ཀུན་འདུས་རིག་འཛིན་པདྨ་སཾ་བྷ་ཝ། །
སངས་རྒྱས་གཉིས་པར་གྲགས་ལ་གུས་པས་འདུད། །
ཅེས་པདྨ་ཕྲིན་ལས་སྙིང་པོས་སྙིང་ནས་དད་པས་ཆེད་དུ་བསྟོད་པའོ། །