རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པའི་བླ་མའི་གསོལ་འདེབས་ངེས་དོན་སྙིང་པོའི་བཅུད་ལེན།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པའི་བླ་མའི་གསོལ་འདེབས་ངེས་དོན་སྙིང་པོའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །
ཨ་ཧོ།
མ་བཅོས་མཐའ་བྲལ་གདོད་ནས་སྣང་བའི་མགོན། །
གཡོ་མེད་ཡེ་ཤེས་རྒྱལ་བ་ཀུན་གྱི་དཔྱིད། །
མ་སྐྱེས་འགགས་མེད་བརྡལ་ཁྱབ་ཀུན་ཏུ་བཟང་། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
དམིགས་མེད་སྤྲོས་བྲལ་འོད་མི་འགྱུར་ཡབ་ཡུམ། །
རྒྱལ་ཀུན་ཐུགས་མཆོག་རྡོར་སེམས་གསང་བའི་བདག །
མཚན་དཔེ་ཡོངས་རྫོགས་མཆོག་སྤྲུལ་དགའ་རབ་རྗེ། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
རང་རིག་དབང་ཐོབ་རིག་འཛིན་ཤྲཱི་སེང་། །
རྫོགས་སངས་རྒྱས་དངོས་གུ་རུ་པད་མ་འབྱུང་། །
ཟག་མེད་འཇའ་གུས་མཁའ་འགྲོ་མཚོ་རྒྱལ་མ། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
གསང་གཏེར་སྙིང་ཐིག་སྒོ་འབྱེད་ལས་འབྲེལ་རྩལ། །
བསྟན་པའི་སྒྲོན་མེ་རྒྱལ་སྲས་ལེགས་ལྡན་པར། །
རྒྱལ་བ་གཉིས་པ་རང་བྱུང་རྡོ་རྗེ་འཆང་། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
གསང་སྔགས་གྲུབ་པའི་དབང་ཕྱུག་ཡུ་སྟོན་དཔལ། །
ཐམས་ཅད་མཁྱེན་གཟིགས་ཀརྨཱ་ཀ་རོལ་རྡོར། །
གནས་ལུགས་མངོན་སུམ་དོན་གཟིགས་ཆོས་རྡོར་རྗེ། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
རྟོགས་ལྡན་རྒྱལ་པོ་ནམ་མཁའ་རྡོ་རྗེ་མཆོག །
ལུང་རྟོགས་བསྟན་པའི་གསལ་བྱེད་ཚུལ་ཁྲིམས་འབུམ། །
ཡང་དག་དོན་རྙེད་ཚུལ་ཁྲིམས་རྒྱལ་བའི་མཚན། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
གསང་འཕྲིན་ལས་སྤེལ་མཁས་ཆོས་འབུམ་ཞབས། །
གདུལ་དཀའ་ཡོངས་འདུལ་ཡེ་ཤེས་རྒྱལ་བའི་མཚན། །
འགྲོ་ལ་བརྩེ་གཟིགས་ཆོས་རྗེ་བྱང་ཆུབ་སེང་། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
རྫ་ཡིག་ཀུན་མཁྱེན་ཆེན་པོ་ཚུལ་ཁྲིམས་རྒྱལ། །
རྩེ་ལེ་རིན་འཛིན་བསོད་ནམ་རྣམ་པར་རྒྱལ། །
རྒྱལ་བའི་ཐུགས་སྲས་བསྟན་འཛིན་མཆོག་དབྱངས་ཞབས། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
ཆོས་ཉིད་མངོན་གྱུར་ཀུན་བཟང་དཔལ་འབྱོར་བ། །
གསང་སྔགས་གྲུབ་བརྙེས་མདོ་སྔགས་བསྟན་འཛིན་བཟང་། །
རིམ་གཉིས་མངོན་གྱུར་འཕྲིན་ལས་ལྷུན་གྲུབ་ལ། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
གསང་ཆེན་སྟོན་པ་འགྱུར་མེད་རྡོ་རྗེ་རྩལ། །
ཐུགས་ཀྱི་སྲས་མཆོག་ཨོ་རྒྱན་རྣམ་གྲོལ་བཟང་། །
སྙིང་པོའི་དོན་སྟེར་དཔལ་ལྡན་བླ་མ་རྗེ། །
གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །
རབ་འབྱམས་རིགས་དང་དཀྱིལ་འཁོར་ཀུན་ཀྱི་གཙོ། །
བྱིན་རླབས་རྩ་བརྒྱུད་པའི་བླ་མ་དང་། །
ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་ལ། །
གཅིག་གུས་པའི་སེམས་ཀྱི་གསོལ་བ་འདེབས། །
བདག་ནི་དེང་ནས་རྫོགས་སངས་མ་རྒྱས་བར། །
ངན་སོང་གནས་སྤོངས་བདེ་འགྲོ་རྟག་ཐོབ་ཅིང་། །
མཐོ་རིས་ཡོན་ཏན་འཕགས་ནོར་བདུན་གྱི་ཕྱུག །
ཡང་དག་ལམ་ནས་ཕྱིར་མི་ལྡོག་པར་ཤོག །
སྐྱེ་ཀུན་མཚན་ཉིད་ཀུན་ཚང་བླ་མ་དང་། །
ལེགས་འཕྲད་ཐུགས་ཀྱི་དགྱེས་དགུ་བདག་གི་འགྲུབ། །
ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །
མ་ལུས་ཡོངས་རྫོགས་བདག་གི་ཐོབ་པར་ཤོག །
ཆོས་མིན་ལས་ལ་སྐད་ཅིག་མི་འཇུག་ཤིང༌། །
ཆོས་བཞིན་སྤྱོད་པར་ཉིན་མཚན་དུས་འདའ་ནས། །
ས་ལམ་དྲོད་ཚད་མ་ལུས་ཚེ་གཅིག་རྫོགས། །
རང་གཞན་དོན་གཉིས་འབད་མེད་ལྷུན་གྲུབ་ཤོག །
ཁྲེགས་ཆོད་ལྟ་བའི་གནས་ལུགས་མཐར་ཐུག་རྟོགས། །
ཐོད་རྒལ་མངོན་སུམ་བསྒོམ་པ་ཟད་སར་འཁྱོལ། །
རྣམ་དག་སྤྱོད་པས་འགྲོ་ལ་ཕན་ཆེན་འགྲུབ། །
མི་སློབ་པ་མཆོག་ཚེ་འདིར་ཉིད་བརྙེས་ཤོག །
ཆོས་ཀུན་གདོད་མའི་གནས་ལུགས་སྤྲོས་དང་བྲལ། །
མཐའ་བརྒྱད་ལས་འདས་ཐེག་དགུའི་ཡོངས་རྩེ་མཆོག །
ཡིད་སྤྱོད་བྱར་མེད་འོད་གསལ་རྫོགས་པ་ཆེ། །
མངོན་གྱུར་གདོངས་བཅས་འོད་སྐུར་ཡལ་བར་ཤོག །
དམིགས་བསལ་བློ་ཡི་བཅོས་མས་མ་གོས་པ། །
ཡིད་ཀྱི་ཀུན་བྲལ་ཆོས་ཉིད་མངོན་སུམ་དུ། །
སྣང་བ་བརྡའ་དོན་ལྟ་སྒོམ་དབྱེར་མེད་ལམ། །
རྩོད་བྲལ་ཨ་ཏིའི་རྟོགས་པ་མངོན་གྱུར་ཤོག །
དུས་ཀུན་རྒྱུ་འབྲས་ལས་ལ་ཡིད་ཆེས་ཤིང་། །
རྒྱུ་འབྲས་ལས་འདས་ལྟ་བའི་གདེངས་ཚད་ཐོབ། །
ནམ་ཡང་གསང་སྔགས་དམ་ཚིག་ཉམས་མེད་བརྟན། །
ཡེ་བསྲུང་སྤྲོས་བྲལ་ཆེན་པོར་རྟག་གནས་ཤོག །
ཚེ་འདིའི་བསླུ་བའི་ཆོས་ལ་མི་ཞེན་པར། །
ངེས་གསང་བླ་མེད་ལམ་མཆོག་ལ་ཞུགས་ནས། །
རང་གཞན་དོན་གཉིས་གྲུབ་པའི་དབང་ཕྱུག་ཆེ། །
སྐུ་གསུམ་རྒྱལ་བའི་གོ་འཕང་མཆོག་བརྙེས་ཤོག །
ཚེ་རབས་རྟག་ཏུ་ཡང་གསང་རྫོགས་ཆེན་དོན། །
དབང་འབྱོར་རྒྱལ་བསྟན་འགྲོ་ལ་ཕན་ཆེན་གྲུབ། །
འཕགས་ནོར་བདུན་ལྡན་རྒྱུད་འཛིན་སློབ་བུའི་རྒྱས། །
ཚོམ་བུ་ཅིག་ཏུ་འགྲོ་ཀུན་བྱང་ཆུབ་ཤོག །
ཅེས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་གསོལ་འདེབས་སུ་རྣམ་པར་དཀར་བའི་ལས་ལ་མཆོག་སྐུ་མངོན་ཞིང་ངེས་པའང་རྫོགས་པ་ཆེན་པོར་མི་ཕྱེད་པའི་གུས་པ་ཅན་སྐལ་ལྡན་མི་མཆོག་ལྕགས་སྤྲག་སྡེ་པ་ལྷ་བུ་ཚེ་རིང་དོན་ལྡན་ནམ་ཀུན་བཟང་ངེས་དོན་རང་གྲོལ་དབང་པོའི་གསུང་གི་བསྐུལ་ངོར། མདོ་ཁམས་ཀཿཐོག་གི་ལྷོ་ཕྱོགས་ལྷ་བན་ཚེ་དབང་ནོར་བུས་མང་ཡུལ་སྐྱིད་རོང་གྲྭ་བུ་ཚེས་གླིང་རི་ཁྲོད་དུ་མེ་ལུག་སྟོན་རའི་ཚེས་བཟང་པོར་བྲིས་པ་དགེའོ། །
ཕྱག་བྲིས་དངོས་ནས་ཞུས་དག་བྱས།
