Brief Twenty-One Tārā Homage—Tibetan

Deities › Tārā | བོད་ཀྱི་བླ་མ།མཁན་ཆེན་ངག་དབང་དཔལ་བཟང་།

English | བོད་ཡིག

མཁན་ཆེན་ངག་དབང་དཔལ་བཟང་།

སྒྲོལ་མ།

Further information:
Download this text:

༄༅། །སྒྲོལ་མ་ཉེར་གཅིག་གི་ཕྱག་འཚལ་བསྡུས་པ་བཞུགས།

 

ཨོཾ་ཨཱརྱ་ཏཱ་རེ་ཡེ།

སྲིད་ཞི་ཀུན་ཁྱབ་རྣམ་ཀུན་སྟོང་པ་ཉིད། །

དུས་གསུམ་སངས་རྒྱས་མ་ལུས་འབྱུང་བའི་གནས། །

ཤེས་རབ་ཕར་ཕྱིན་ཆོས་སྐུ་ཡུམ་ཆེན་མོ། །

རྗེ་བཙུན་འཕགས་མ་ཡུམ་ལ་ཕྱག་འཚལ་ལོ། །

 

རྣམ་དག་པདྨ་དྲྭ་བའི་ཞིང་ཁམས་སུ། །

སངས་རྒྱས་མ་ཆགས་པདྨའི་སྤྱན་མངའ་བ། །

ཡིད་ཅན་མཐའ་དག་བདེ་བར་དབུགས་འབྱིན་མཛད། །

རྗེ་བཙུན་འཕགས་མ་ཡུམ་ལ་ཕྱག་འཚལ་ལོ། །

 

གདུལ་བྱའི་ཁམས་དང་དབང་པོའའི་བྱེ་བྲག་གིས། །

གང་འདུལ་ཅིར་ཡང་འཆར་བའི་སྒྱུ་འཕྲུལ་གྱི། །

རྣམ་རོལ་སྤྲུལ་པའི་ལྷ་མོ་མྱུར་དཔའ་མོ། །

དབྱངས་ཅན་བསོད་ནམས་མཆོག་སྟེར་གཙུག་ཏོར་རྒྱལ། །

ཀུ་རུ་ཀུལླེ་འཇིགས་བྱེད་ཆེན་མོ་དང་། །

གཏུམ་མོ་མི་ཐུབ་གཞན་མི་རྒྱལ་བ་དང་། །

ཁམས་གསུམ་རྣམ་རྒྱལ་ནོར་སྟེར་དབང་བྱེད་མ། །

བཀྲ་ཤིས་དོན་བྱེད་ལྷ་མོ་དགྲ་དཔུང་འཇོམས། །

ཁྲོ་གཉེར་ཅན་མཛད་རབ་ཞི་འབར་བའི་འོད། །

དཔག་མེད་གནོན་མ་རྨ་བྱ་ཆེན་མོ་དང་། །

མི་ཕམ་རྒྱལ་མོ་རི་ཁྲོད་ལོ་གྱོན་མ། །

འོད་ཟེར་ཅན་མ་རྣམས་ལ་ཕྱག་འཚལ་ལོ། །

 

དེ་ལྟར་སྙིང་ནས་གསོལ་བ་བཏབ་པའི་མཐུས། །

བྱང་ཆུབ་སེམས་འབྱོངས་གང་སྣང་ལྷ་སྐུར་དག །

བསྐྱེད་རྫོགས་དོན་ལ་རང་བྱན་ཚུད་པ་དང་། །

ཡང་དག་ལམ་གྱི་འགལ་རྐྱེན་ཀུན་ཞི་ཞིང་། །

མཐུན་རྐྱེན་སྨོན་པ་མ་ལུས་ཡིད་བཞིན་འགྲུབ། །

མི་དགེའི་སྡིག་པ་མ་ལུས་ཀུན་དག་ནས། །

གཞན་གྱིས་སྡང་དང་རྨི་ལམ་ངན་པ་བྲལ། །

ངན་འགྲོའི་འཇིགས་ལས་སྐྱོབ་པར་བྱིན་གྱིས་རློབས། །

 

མི་ཁོམ་བརྒྱད་དུ་ནམ་ཡང་མི་སྐྱེ་ཞིང་། །

རྟག་ཏུ་སྐྱེ་བ་དྲན་དང་དབང་པོ་གསལ། །

ཚུལ་ཁྲིམས་རྣམ་དག་ཆོས་ལ་ཡིད་གཞུང་ནས། །

ཉོན་མོངས་ལས་ཀྱི་རྣམ་པར་སྨིན་པ་ལས། །

བསྲུང་དང་སྐྱོབ་དང་སྦེད་པར་བྱིན་གྱིས་རློབས། །

 

མ་རུང་དགྲ་དང་གདོན་བགེགས་འཚེ་བ་དང་། །

དུས་མིན་འཆི་དང་རིམས་དང་དུག་གི་ནད། །

མ་ལུས་ཞི་ཞིང་དག་པར་མཛད་ནས་ཀྱང་། །

མཐར་ཐུག་འཕགས་མའི་དགོངས་སྤྱོད་མངོན་གྱུར་ཤོག །

 

ཅེས་པ་འདིའང་བླ་མ་སངས་རྒྱས་ཀྱིས་བསྐུལ་ངོར་༧རྒྱལ་སྲས་པདྨ་ལས་འབྲེལ་རྩལ་གྱིས་བྲིས་པ་དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept