བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འཇིགས་པ་ལས་སྐྱབས་འཚོལ་བ།

English | བོད་ཡིག

༄༅། །འཇིགས་པ་ལས་སྐྱབས་འཚོལ་བ།

 

བླ་མ་རྡོ་རྗེ་འཛིན་པ་ནི། །

ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །

འགྲོ་བ་སྐྱབས་མེད་རྣམས་ཀྱི་སྐྱབས། །

ཐར་པའི་ལམ་སྐས་ཆེན་པོ་སྟེ། །

མ་རིག་སེལ་བའི་སྒྲོན་མེ་ལ། །

མུན་པའི་ཚོགས་བདག་སྐྱབས་སུ་མཆི། །

འཁོར་བ་འདམ་གྱི་མཚོ་ནང་དུ། །

བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །

དུག་གསུམ་མེ་ཡི་གདུང་བ་ལ། །

རང་བྱུང་རླབས་ཀྱིས་བསིལ་བར་མཛོད། །

 

མ་རིག་འཁྲུལ་པས་སྒྲིབ་པ་ཡི། །

གདོས་བཅས་ལུས་ངག་ཡིད་རྣམས་ཀུན། །

རང་དེངས་འོད་ཀྱི་རང་བཞིན་དུ། །

ལྷག་མེད་མྱ་ངན་འདའ་ཐོབ་མཛོད། །

 

བླ་མ་རྒྱལ་བ་འགྲོ་བའི་མགོན། །

འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །

སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །

དེ་རིང་ཉིད་ནས་སྐྱབས་སུ་མཆི། །

 

དེ་ཡི་ཐུགས་སུ་ཆུད་པའི་ཆོས། །

འཁོར་བའི་འཇིགས་པ་སེལ་བ་དང༌། །

བྱང་ཆུབ་སེམས་དཔའི་ཚོགས་ལའང༌། །

དེ་བཞིན་ཡང་དག་སྐྱབས་སུ་མཆི། །

 

བདག་ནི་འཇིགས་པས་རྣམ་སྐྲག་ནས། །

ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །

འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །

བདག་གི་ལུས་འདི་དབུལ་བར་བགྱི། །

 

ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ། །

སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །

ཉམ་ཐག་ང་རོས་འོ་དོད་འབོད། །

སྡིག་ལྡན་བདག་ལ་བསྐྱབ་དུ་གསོལ། །

 

འཕགས་པ་ནམ་མཁའི་སྙིང་པོ་དང༌། །

ས་ཡི་སྙིང་པོ་དག་དང་ནི། །

ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །

སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །

 

གང་ཞིག་མཐོང་ནས་གཤིན་རྗེ་ཡི། །

ཕོ་ཉ་ལ་སོགས་སྡང་བ་རྣམས། །

སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །

རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །

 

སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །

ད་ནི་འཇིགས་པ་ཆེར་མཐོང་ནས། །

ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །

འཇིགས་པ་མྱུར་དུ་བསལ་དུ་གསོལ། །

 

མཁན་ཆེན་ངག་དབང་དཔལ་བཟང་།

ཞི་བ་ལྷ།

གནས་ཚུལ་འཕར་མ།

BDRC Author Profiles: P724 P1583 P6161

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept