བི་མ་སྙིང་ཐིག་གི་བརྒྱུད་འདེབས།
༄༅། །བི་མ་སྙིང་ཐིག་གི་བརྒྱུད་འདེབས།
ཨོཾ་ཨཱཿཧཱུྃ། །
གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །
ལྷུན་གྲུབ་ལོང་སྐུ་རིགས་ལྔ་གངས་ཆེན་མཚོ། །
རྣམ་རོལ་སངས་རྒྱས་དྲུག་ཅུ་རྩ་བཞི་དང་། །
རྫོགས་ཆེན་མངོན་རྫོགས་སྟོན་པ་བཅུ་གཉིས་དང་། །
རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །
མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་སྩོལ། །
དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །
ཤྲཱི་སེང་ཧ་མཁས་པ་ཡེ་ཤེས་མདོ། །
བི་མ་མི་ཏྲ་པདྨ་ཐོད་ཕྲེང་རྩལ། །
རྒྱལ་བའི་གདུང་འཚོབ་བརྡ་བརྒྱུད་བླ་མ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་སྩོལ། །
ཚངས་པའི་མེ་ཏོག་ལོ་ཆེན་བཻ་རོའི་ཞབས། །
མཁའ་འགྲོའི་དབང་ཕྱུག་ཡེ་ཤེས་མཚོ་རྒྱལ་སྟེ། །
ཐུགས་སྲས་རིག་འཛིན་རྗེ་འབངས་གྲོགས་གསུམ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་སྩོལ། །
ཏིང་འཛིན་བཟང་པོ་ལྡང་མ་ལྷུན་རྒྱལ་མཚན། །
སེང་གེ་དབང་ཕྱུག་རྒྱལ་བ་ཞང་སྟོན་དང་། །
མཁས་པ་ཉི་འབུམ་གུ་རུ་ཇོ་འབེར་ཞབས། །
རིག་འཛིན་རྩལ་འཆང་སྙན་བརྒྱུད་བླ་མ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་སྩོལ། །
སེང་གེ་རྒྱབ་པ་ཟླ་བ་མུན་སེལ་དང་། །
ཀུ་མ་ར་ཛ་ཀུན་མཁྱེན་ཀློང་ཆེན་པ། །
རིག་འཛིན་རྩལ་འཆང་སྙན་བརྒྱུད་བླ་མ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་སྩོལ། །
མཁའ་འགྲོའི་གསང་མཛོད་བདག་པོ་འཇིགས་མེད་གླིང་། །
རྒྱལ་བའི་མྱུ་གུ་འཇིགས་མེད་ཆོས་ཀྱི་དབང་། །
ཀུན་བཟང་གདུང་འཚོབ་བསྟན་པའི་ཉི་མ་དང་། །
ངག་གི་དབང་པོ་ཙ་བའི་བླ་མ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་སྩོལ། །
དབེན་པའི་རི་སུལ་བྱང་ཆུབ་བསྒྲུབ་པ་ལ། །
ཆོས་བརྒྱད་རྟོག་པའི་འཁྲུལ་པ་རང་སར་ཞི། །
འོད་གསལ་སྣང་བ་རྣམ་བཞིའི་ལམ་མཆོག་གིས། །
ཀ་དག་ཆོས་ཟད་གདོད་མའི་ཀུན་བཟང་གི། །
གོ་འཕང་མཆོག་བརྙེས་མཁའ་ཁྱབ་ལུས་ཅན་གྱི། །
རྟག་ཏུ་ཕན་བདེ་འགྲུབ་པར་བྱིན་གྱིས་རློབས། །
ཅེས་པའང་ཚངས་སྲས་འཆི་མེད་རྡོ་རྗེས་བསྐུལ་ངོར་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་གྱིས་རྟག་ར་དཀར་མདའི་སྟེང་ནས་ཡར་ངོའི་ཚེས་བཅུའི་འགྲུབ་སྦྱོར་བཟང་པོར་ཕུལ་བ་དགེ་ལེགས་འཕེལ། །
