The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Bhikṣuṇī Fa Kong of Wutai Shan—Tibetan

English | བོད་ཡིག

༄༅། །གནས་མཆོག་རི་བོ་རྩེ་ལྔའི་དགེ་སློང་མ་ཧྥ་ཁོང་།

ཐང་རྒྱལ་རབས་ཀྱི་དཀྱིལ་ཙམ་ཞིག་ལ། མཚན་ལ་ཧྥ་ཁོང་ཟེར་བའི་དགེ་སློང་མ་ཞིག་སངས་རྒྱས་ལ་དད་པ་ཆེན་པོའི་ངང་ནས་རྟག་ཏུ་ཕྱག་འཚལ་མཁན་ཞིག་ཡོད། ཧྥ་ཁོང་གི་ཁྱིམ་རུས་ཧན། བྱན་གྲོས་སམ་ད་ལྟའི་ཨན་ཧེ་ཞིང་ཆེན་གྱི་མངའ་ཁུངས་སུ་གཏོགས་ནས་ཡིན། ཆུང་དུས་ནས་དཀོན་མཆོག་ལ་དད་པ་ཆེ་བ་ཞིག་ཡིན་པའི་རྐྱེན་གྱིས་ལོ་ན་གཞོན་ཆུང་གི་དུས་ནས་ཁྱིམ་མི་གཉེན་ཉེ་ཀུན་སྤངས་ནས་ལམ་བར་ནས་དཀའ་བ་བརྒྱ་ཕྲག་མང་པོ་བརྒྱབ་ནས་གནས་མཆོག་རི་བོ་རྩེ་ལྔ་ལྷོ་ནུབ་ཕྱོགས་ལེ་དབར་བརྒྱ་ཙམ་གྱི་ཅན་ཨན་དགོན་ནང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ལོ་བཅུ་ཕྲག་བཞི་ལྔའི་རིང་དུ་ཉིན་རེ་བཞིན་རྒྱུན་མ་ཆད་པར་མདོ་པདྨ་དཀར་པོ་ཞལ་འདོན་མཛད། ཚུལ་ཁྲིམས་ཀྱི་གནང་བཀག་ཀུན་མིག་བཞིན་བླང་དོར་མཛད། འོན་ཀྱང་ད་དུང་མོ་རང་གིས་རང་ལ་སྒྲིབ་པ་ཡོད་པར་མཐོང་། དེ་ཡང་མདོ་པདྨ་དཀར་པོ་དེ་ཞལ་འདོན་མཛད་དོན་ཀུན་མི་གོ་བ་མེད་ཀྱང་ཉམས་སུ་མ་བླངས་བའི་སྐྱོན་ཡིན་པ་ཡང་རྟོགས།མོས་ཐོས་པ་ལ། རི་བོ་རྩེ་ལྔའི་དཔའ་ཡན་དགོན་ནང་དུ་མཚན་ལ་ཏ་ཚ་འབོད་པའི་དགེ་སློང་ཞིག་ལོ་ཉི་ཤུའི་རིང་ལ་ཆོས་ཕྱིར་དཀའ་བ་སྤྱད་ནས་ཚེ་མཚམས་ལ་བཞུགས་པ་ཞིག་གློ་བུར་དུ་ལྟས་བཟང་པོ་མང་པོ་བྱུང་། ཁོང་ལུས་མ་སྤངས་བར་དགའ་ལྡན་ལྷ་ཡུལ་དུ་ཕེབས་། །རྒྱལ་ཚབ་བྱམས་པ་མགོན་པོ་དངོས་སུ་མཇལ་ཏེ། རྒྱལ་ཚབ་བྱམས་པ་མགོན་པོས་ཁོང་ལ་ཁྱེད་མི་ཡུལ་དགེ་བ་ཁྱད་པར་བ་ཡང་འགྲུབ་ནས་འདིར་འོང་བ་མིན། འཕགས་པ་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་སྨོན་ལམ་གྱི་སྟོབས་ཀྱིས་ཁྱེད་འདི་རུ་ཐོན་པ་ཡིན། དེ་ཕྱིར་ཁྱེད་ཕྱིར་མི་ཡུལ་དུ་སོང་སྟེ་འཕགས་པ་འཇམ་པའི་དབྱངས་ཀྱི་ཡོན་ཏན་མི་ཡུལ་དུ་སྒྲོགས་ཞེས་བཀའ་བསྩལ་ཏེ་ཕྱིར་མི་ཡུལ་དུ་བྱོན་ཏེ་བཞུགས་པ་ཐོས། དེ་སྔོན་ཙམ་མོའི་ནུ་མོ་ཡང་རབ་ཏུ་བྱུང་ནས་ཡོད་པ་དེ་ཁྲིད་ནས་ཧ་ཡན་དགོན་པར་འགྲོ་རྒྱུ་ཐག་བཅད་དེ། འཕགས་པ་འཇམ་པའི་དབྱངས་ལ་རྩེ་གཅིག་གསོལ་བ་འདེབས་བཞིན་བྱོན། ཡན་ཧོ་རྒྱལ་རབས་ལོ་བཞི་པའམ་སྤྱི་ལོ་༨༠༩ལོར། ཧྥ་ཁོང་སྤུན་མཆེད་གཉིས་པོ་རི་བོ་རྩེ་ལྔ་ལ་མཇལ་སྐོར་བྱེད་བཞིན་བྱོན། ཧ་ཡན་དགོན་པའི་ནུབ་བྱང་ཕྱོགས་ཀྱི་ཉེ་འགྲམ། ཆུ་མིག་གསུམ་པའི་མདུན་ཕྱོགས་ཀྱི་ནགས་ཚལ་དུ་མི་རྒན་ཞིག་དང་མཇལ། ཁོང་གིས་ཧྥ་ཁོང་ལས་འདི་བཟང་ས་བཟང་ཞིག་ཡིན། འདི་རུ་བཞུགས་ནས་སྒྲུབ་པ་མཛོད་དང་འབྲས་བུ་ངེས་པར་ན་ཐོབ་གསུངས་ཏེ་མི་སྣང་བར་གྱུར་སོང་བས མོས་མི་རྒན་དེ་འཇམ་པའི་དབྱངས་ཡིན་པར་ཤེས་ནས་དད་པ་དྲག་པོ་སྐྱེས་ཏེ་མིག་ཆུ་དབང་མེད་དུ་ལྷུང་སྐབས།འཕགས་པ་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ལ་བརྟེན་ནས་སེམས་ཅན་ལ་སྙིང་རྗེ་ཚད་མེད་པ་སྐྱེས། དེའི་སྟོབས་ཀྱིས་སྡིག་སྒྲིབ་ཀུན་དག་པས་ལུས་སེམས་བདེ་བས་ཁེངས། དེ་ནས་གནས་དེར་རྩྭ་ཡི་སྤྱིལ་བུ་ཆུང་ངུ་བརྒྱབ་ནས་འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་ངང་། ཉིན་མཚན་བར་མེད་པར་སྒོ་གསུམ་དགེ་བ་ལ་སྦྱོར། ཡན་ཧོ་རྒྱལ་རབས་ལོ་བརྒྱད་དུས་སྤྱི་ལོ་༨༡༣ལོ་ཟླ་བ་གཉིས་པའི་ཚེས་བཅོ་ལྔའི་ཉིན། དགེ་སློང་ཧྥ་ཁོང་གིས་རང་གི་གོས་སོགས་ཡོ་བྱད་ཡོད་ཚད་ཀུན་ལ་གནང་སྟེ། སློབ་ཚོགས་རྣམས་ལ་འདི་ལྟར་གསུངས། ངས་མི་ཚེ་གང་ལ་མདོ་པདྨ་དཀར་པོ་ཁ་འདོན་བྱས་ཀྱང་། ད་གཟོད་མདོ་པདྨ་དཀར་པོ་ཟེར་བའི་ཡི་གེ་འབྲི་བཞི་པོའི་དོན་དེ་རྟོགས་པར་གྱུར།ད་ནི་ང་དག་པའི་ཞིང་དུ་འགྲོ་རན། ཁྱེད་ཅག་གིས་དལ་འབྱོར་ཆུད་མ་གཟན། དགེ་ཆོས་ལ་འབོད་ཅེས་གསུངས་བ་དང༌། སློབ་ཚོགས་རྣམས་ཀྱིས་བླ་མ་ལགས། ཁྱེད་སྐུ་ལུས་བདེ་བའི་ངང་དུ་བཞུགས་ཡོད་པ་འདི་ལ་ཅིའི་ཕྱིར་དེ་འདྲ་གསུངས། ཞེས་དྲིས་ཀྱང་ལན་མེད་པས་ཞབས་གཉིས་སྐྱིལ་ཀྲུང་སྐུ་ལུས་དྲང་པོར་བཞུགས་བཞིན་གཤེགས་སོང་། སློབ་མ་རྣམས་ཀྱིས་ཁོང་གིས་སྐུ་གདུང་མེ་ལ་བསྲེགས་རྗེས་རིང་བསྲེལ་སྟོང་ལྷག་བབས་ཡོད་པས་དད་པ་བླ་ལྷག་ཏུ་འཕེལ། མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།

མཁན་མོ་ཟླ་བ་སྒྲོལ་མ།

འཇམ་དཔལ།

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept