ཧྥ་མེས་བདུད་འདུལ་བདུད་སྦས་བྲག་གི་རྣམ་ཐར།
༄༅། །ཧྥ་མེས་བདུད་འདུལ་བདུད་སྦས་བྲག་གི་རྣམ་ཐར།
རི་བོ་རྩེ་ལྔ་ནི་ཧྲན་ཤས་ཞིང་ཆེན་རྩེ་ལྔ་རྫོང་གི་བྱང་ཤར་ན་ཡོད་པའི་གནས་མཆོག་བརྗིད་ཅིང་ཡིད་དུ་འོང་བའི་གནས་རི་ཞིག་ཁོའི་རི་མཐའ་ཐང་གིས་བསྐོར་ཞིང་གཙོ་རི་ནི་བརྗིད་ཆགས་ཤིང་ལྷུན་སྟུག་པ་གཟར་ལ་རྔམ་པ་རྩེ་མོ་ལྔ་དང་ལྡན། རྒྱང་ནས་བལྟས་ན་ཡིད་དུ་འོང་བའི་སྟེགས་བུ་དང་མཚུངས་པས་མཚན་ལ་རི་སྟེགས་ལྔ་ཟེར། ཡང་ན་རི་བོ་དེ་དྭངས་ཤིང་བསིལ། ཀུན་གྱི་ཡིད་དབང་འཕྲོག་པས་རི་བོ་དྭངས་བསིལ་ཅན་ཡང་ཟེར།ཁྱད་པར་དུ་ནང་བ་སངས་རྒྱས་པའི་གཞུང་རྣམས་སུ་དེ་ལྟར་བརྗོད། མདོ་རྒྱ་ཆེར་རོལ་བའི་བམ་པོ་ཞེ་ལྔའི་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པའི་གནས་སྟོན་པའི་ལེའུ་རུ བྱང་ཤར་གྱི་ཡུལ་ཞིག་ཏུ་རི་བོ་དྭངས་བསིལ་ཅན་ཟེར་བ་ཞིག་ཡོད། སྔོན་ནས་བྱང་ཆུབ་སེམས་དཔའ་མང་པོ་བཞུགས་པའི་གནས་མཆོག་ཡིན། ད་ལྟ་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཞེས་བྱ་བ་འཁོར་བྱང་སེམས་ཁྲིའི་དབུས་སུ་དུས་རྟག་ཏུ་དམ་པའི་ཆོས་གསུང་བཞིན་བཞུགས་ཞེས་གསུངས།
འཇམ་དཔལ་ཆོས་མཛོད་ནོར་བུའི་གཟུངས་མདོའི་ནང་དུ། ང་ནི་མྱ་ངན་འདས་འོག་ཏུ། འཛམ་གླིང་བྱང་ཤར་ཕྱོགས་སུ་ཙི་ན་ཆེན་པའི་རྒྱལ་ཁབ་ཅིག་ཡོད། དེ་ན་རི་བོ་རྩེ་ལྔ་ཞེས་པའི་རི་ཡོད། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ནི་དུས་རྟག་ཏུ་དེ་རུ་བྱོན་བཞིན་ཡོད།རྟག་ཏུ་དེ་རུ་བཞུགས་ནས་སེམས་ཅན་གྱི་དོན་དུ་ཆོས་གསུང་བཞིན་ཡོད་ཅེས་གསུངས་སོ།།
ལུང་པ་དེའི་ནང་གི་ཙི་ན་ཆེན་པོ་ཞེས་པ་ནི་རྒྱ་ནག་ཀྲུང་གོ་ཡིན། དེ་ལ་ལྟོས་ན་རི་བོ་རྩེ་ལྔ་ནི་འཕགས་པ་འཇམ་པའི་དབྱངས་མི་ཡུལ་དུ་ཕེབས་ནས་རྟག་པར་བཞུགས་པའི་གནས་མཆོག་ཡིན།བོད་བརྒྱུད་ནང་ཆོས་པས་རྒྱ་ནག་ནི་འཕགས་པ་འཇམ་དཔལ་གྱི་ཞིང་ཁམས་ཡིན་གསུངས་པ་རྒྱུ་མཚན་དང་ལྡན་པའོ། །རི་བོ་རྩེ་ལྔ་པོ་ནི་དབུ་ན་བྲག་ལྗང་རི།ཤར་ན་མཚོ་མཐིང་། ནུབ་ན་ཉི་འགེར་རི།ལྷོ་ན་མཛེས་སྡུག་རི། བྱང་ན་ལོ་འཁྲུག་རི་རྣམས་ཡིན།བྱང་ཆེས་མཐོ་བ་ཡིན། རྒྱ་མཚོའི་ངོ་ནས་མཐོ་ཚད་སྨི་སུམ་སྟོང་དང་ང་བརྒྱད་ཡོད། ཧ་ཅང་ཆེས་མཐོ་བའི་རི་བོ་ཡིན། ནུབ་རི་ནི་མཚོ་ནས་མཐོ་ཚད་ཉིས་སྟོང་བདུན་བརྒྱ་བདུན་ཅུ་དོན་གསུམ་ཡོད། རི་རྩེ་ཐང་བདེ་ལ་ཐང་རྒྱ་ཆེ། མཐའ་འཁོར་ན་ལེ་བར་གཉིས་ལྷག་ཡོད། མཚན་མོ་ཟླ་བ་རི་རྩེ་ལ་སླེབས་ཚེ། རྒྱང་ནས་བལྟས་ན་རི་བོ་ཟླ་བ་འགེར་བ་འདྲ་བ། མཚན་ལ་ཟླ་འགེར་རི་བོ་ཡང་ཟེར། དྭངས་ཤིང་གཙང་བའི་ཆུ་ཕྲན་རྣམས་རི་ངོགས་ནས་ཐུར་དུ་བཞུར།རི་ཕྲན་རྣམས་མཛུབ་མོ་གཤིབ་འདྲ། བྲག་ལུང་རྣམས་དབེན་ཞིང་ཁ་ཁུ་སིམ་པོ།རི་ལག་རྣམས་ནུབ་རི་ནས་ལེ་བར་བཞི་བཅུ་ཙམ་དུ་བསྐྱང་བ་ཡོད་པའི་ཕྱིར། དགེ་བསྙེན་ཐ་ཡང་གིས།ནུབ་རིའི་རྩེ་རུ་སོན་ན། །དག་པའི་ཞིང་མཆོག་དངོས་རེད། །ཨ་རྫིང་བུའི་འགྲམ་དུ། །གསེར་གྱི་ཟམ་པའི་གཟུགས་འདྲ། །ལམ་གོར་མེ་ལུང་ཆ་གཅིག །སྤོས་ངད་ལྷག་པར་ལྡང་བ། །སེང་གེའི་ཞབས་རྗེས་འཇོག་གནས། །ཆུ་ཡོན་ཏན་ཅན་། །ཞིམ་མངར་དྭངས་བསིལ་ལྡན་པ། །བྱང་སེམས་གནས་དེར་འབྱོར་ན། །ཀླུ་ཚོགས་བསུ་མར་ཕེབས་ས། །ཞེས་སྙན་ངག་མཛད་མྱོང་། ནུབ་རི་ནས་ལེ་དབར་བཞི་བཅུ་ལྷག་ཙམ་ན། བདུད་སྦས་བྲག་ཅེས་གནས་ཡ་མཚན་པ་ཞིག་ཡོད། དེ་ནི་སྔོན་འཕགས་པ་འཇམ་དཔལ་དབྱངས་ཀྱིས་ཀླུ་བདུད་འདུལ་སྐབས་ཀླུ་བདུད་རྣམས་དེ་རུ་དམ་ལ་བཏགས་ཤིང་སྦས་པས་མིང་དེ་ཐོགས་སོ། །དེ་ལ་མེན་རྒྱལ་རབས་སུ་ཧན་རི་བོའི་སློབ་དཔོན་དེ་ཆེན་གྱི་བྲག་རི་དེ་ལ། ལུག་རྒྱུ་འདྲ་བའི་ལམ་ཕྲན་ལོ་མས་ཡོངས་སུ་ཁེབ། །སྦྲུལ་གདུག་ཤིགསཤིགས་འཁྱུག་ཅིང་ལམ་བར་མགོ་བོ་རྨོངས། །བྲག་གཟར་ནམ་མཁར་རེག་ཅིང་འཕྲང་རིང་མོ་དོག །བྲག་དམར་རྒོད་ལམ་མེད་འཕུར་བའི་ཐེམ་སྐེས་ཙམ། །མི་ལ་བརྟེན་པའི་བྱ་རྣམས་རང་གར་གནས་ན་ཡང༌། །མགྲོན་ལམ་འགོག་པའི་སྤྲེའུས་ཉིན་མཚན་རྒྱང་འབོད་བྱེད། །རང་གར་ན་བུན་དུད་པར་འགྲོགས་ནས་སྡོད་པ་ལ། །ཡར་ཤོག་ཟེར་ནས་མགྲོན་པོ་བསུ་བའི་དཀའ་ཚེགས་མེད། །གནས་མཆོགབདུད་སྦས་བྲག་རི་དེ་རུ་ལོ་རྒྱུས་ཡ་མཚན་ཅན་དང་ལྡན། པེ་ཅེས་རྒྱལ་རབས་ཀྱི་སྐབས་སུ། བུད་མེད་གྲུབ་བརྙེས་བསམ་གཏན་མ་ཆེན་མོ་ཞིག་གིས་གནས་མཆོག་འདི་གདན་ས་མཛད་མྱོང་།མོའི་མཚན་ཧྥ་མེས་ཞེས་པ།རྟོགས་པ་ནམ་མཁའ་ལྟར་མཐོ་ལ། ཐུགས་སྟོབས་ཆེ་བ། འཁོར་བའི་སྐྱོན་རྡུལ་གྱིས་མ་གོས་པ་ཞིག་ཡོད་པ་དེས་དང་པོ་ནུབ་རི་ནས་ཀུན་ལ་སྒོམ་ཁྲིད་གནང༌། རྗེས་སུ་བདུད་སྦས་བྲག་རིར་ལོ་ངོ་ལྔ་བཅུའི་རིང་ལ་ཚེ་མཚམས་སུ་བཞུགས། འཚོ་བ་རི་ལ་སྐྱེས་པའི་ལོ་མ་ལ་སྤྱོད། དཀའ་བ་ཚད་མེད་སྤྱད། མོས་བསྒོམས་པའི་སྟོབས་ཀྱིས་ཡུལ་ཁམས་ཀུན་གྱི་ཡིད་སེམས་དབང་མེད་བཀུག །ཀུན་ཀྱང་མོ་ལ་དད་ཅིང་གུས་པར་གྱུར།དགུང་ལོ་བརྒྱད་ཅུ་ཙམ་ལ་སྐུ་ཞུ་བར་གཤེགས། རྗེས་སུ་མི་རྣམས་ཀྱིས་གྲུབ་བརྙེས་མ་མོའི་སྒོམ་པ་དང་མོ་ལ་རྗེས་དྲན་གྱི་ཚུལ་དུ་མོ་བཞུགས་གནས་དེ་ལ་བདུད་སྦས་རི་ཞེས་མཚན་གསོལ། དེ་ཡང་མོ་རི་དེ་རུ་བཞུགས་ཏེ་བདུད་འདུལ་བའི་ཏིང་འཛིན་བསྒོམས་པས་སོ། །མོས་བདུད་འདུལ་བྱེད་ཀྱི་ཆོས་དེ་ཆེས་གསང་བ་ཡིན་སྟབས། ད་བར་ཡང་ཤེས་མཁན་མེད།རྟོགས་ཐུབ་ཅིག་ལ་མོས་སྒོམ་པའི་ཆོས་དེ་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཕྱག་གི་རལ་གྲི་བཞིན་བསམ་གྱིས་མི་ཁྱབ་པ་ཞིག་ངེས་སོ། །
ཐང་རྒྱལ་རབས་ཀྱི་དུས་སུ་ཧེ་ཤང་ཧེས་སྒོམ་ཆེན་པ་དངོས་སུ་གྲུབ་བརྙེས་མ་ཧྥ་མེས་ཀྱི་གདན་ས་ལ་མཇལ་སྐོར་དུ་ཕེབས། ཁོང་ལ་མཐོང་སྣང་ཡ་མཚན་མང་པོ་སྣང་སྟབས་རྟོགས་པ་ཡང་དག་པ་རྒྱུད་ལ་འཕོས། དེ་ནི་བྲག་གི་ཤར་ངོ་ནི་སྨི་སྟོང་གསུམ་ལྷག་ཙམ་ཡོད། བྲག་ངོ་འཇམ་ལ་དེ་རུ་འཇའ་ཚོན་གྱི་རི་མོ་བཞིན་ཁ་དོག་སྣ་ལྔ་བ། ཤིང་སྡོང་མང་པོ་འཕྲང་སྒྲིག་པ་ལྟར་རྩ་བ་བྲག་གི་ལྟེ་བར་ཟུག་འདུག །དེ་ཕྱིར་ཤིང་དེ་ཚོ་ལ་བརྟེན་ཏེ་རིམ་བཞིན་སོང་བ་ལ།ནུབ་ངོས་མཚམས་སུ་དཀྱིལ་དུ་ལམ་ཞིག་རྙེད། ལམ་དེའི་ཞེང་ན་མི་གཅིག་གི་ལུས་ཚད་ཙམ་ལས་མེད། དེ་ནས་རང་བྱུང་ཁོ་ན་ལས་གྲུབ་པའི་མཐོང་སྣང་མང་ཙམ་མཐོང་། དབྱིངས་སུ་གྱང་ར་ལྟ་བུ་དབུས་སུ རྒྱང་ནས་བལྟས་ན་སངས་རྒྱས་ཀྱི་གཞལ་མེད་ཁང་དུ་མ་ཡོད་པའི་ཉམས་སྣང་ཤར། དེ་ཕྱིར་ཁོང་གི་སྐབས་དེར་རང་དབང་མེད་པར་ཚིག་འགའ་ཞལ་ནས་རྡོལ། སྒོམ་པའི་ཞབས་རྗེས་ཀྱིས། །མགྲོན་པོ་མཐོང་མཁན་ལ། །ཡིད་དབང་སྤྲོ་བ་བསྐྱེད། །ཅེས་གསུངས། དོན་དངོས་སུ་གྲུབ་བརྙེས་དམ་མ་དེའི་སྒོམ་པའི་རྗེས་དེ་ཡི་གེ་བཀོད་མེད་ཀྱང་། གདན་སའི་བྱིན་རླབས་ཀྱིས་སྒོམ་དོན་ཟབ་མོ་རྒྱུད་ལ་བསྐྱེད་ནུས།ཐང་རྒྱལ་རབས་ཀྱི་སྒོམ་ཆེན་པ་དེ་ཡང་གནས་དེ་ནས་སྒོམ་རྒྱུད་ལ་སྐྱེས་ཏེ་མཚན་ལའང་བདུད་སྦས་བྲག་གི་སྒོམ་ཆེན་ཞེས་ཀྱང་ཐོགས། སྒོམ་ཆེན་མ་ཧྥ་མེས་ཀྱིས་མགུར།ཡེ་ནས་ཐེ་ཚོམ་མེད་པ་ལ། །རྟོགས་པའི་ཡེ་ཤེས་ཀྱིས་ཅི་ཞིག་རྟོགས། །ཡེ་ནས་ཞུམ་པ་མེད་པ་ལ། །སྨོན་ལམ་ཆེན་པོ་དོན་ཆེན་ཅི། །དྭངས་བའི་ནམ་མཁའ་ཡིས། །ཟས་དང་སྐོམ་ཅི་ལ་བསྒྲིབས། །ཅི་འདྲའི་རི་ཆུ་བཟང་བོ་ཞིག །ནུབ་རིའི་རྩེ་ལ་ཟླ་བ་འགེར། །རྒྱུ་འགྲུལ་མེད་པས་འཚོ་བ་བདེ། །ཧྥ་མེས་ཀྱི་སེམས་པ། གསལ་གསལ་བ་ཞིག །ལོ་ངོ་ལྔ་བཅུའི་རིང་དུ་རི་ནས་མ་བབས།བབས་སའི་རི་ཞིག་མེད་པས་སོ། །སེམས་རྩེ་གཅིག་གིས་གསང་བའི་བདུད་འདུལ། བདུད་ཚོས་ཀྱེ་མ་ཀྱེ་ཧུད་ཀྱི་འབོད་པས་ཉིན་བཞིན་སེམས་ཁམས་ལ་བྲོ་བ་ཚིམས་པ་སྟེར། བདུད་སྦས་བྲག་གནས་ཀྱི་བདུད་འདུལ།ཧྥ་མེས་རང་སྒེར་གྱི་གསང་སྦྱང་ཡིན། ཞེས་རི་བོ་རྩེ་ལྔའི་ནུབ་རི་ཟླ་འགེར་རི་བོ་ནས་ཧྥ་མེས་ཀྱིས་འཚོ་བ་སྐྱེད་པ་རོལ་མྱོང་། ཞེས་མོ་རང་གིས་སོ།། །།མཁན་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
