རྒྱ་ནག་གི་དགེ་སློང་མ་སྔོན་མ་ཆིན་ཅན་མོ།
༄༅། །རྒྱ་ནག་གི་དགེ་སློང་མ་སྔོན་མ་ཆིན་ཅན་མོ།
རྒྱ་ནག་གི་དགེ་སློང་མ་སྔོན་མ་ཆིན་ཅན་མོའི་ཁྱིམ་རུས་ཀྲོང་ཡིན། མིང་ལ་ནེན་ཡེས་ཟེར། ཕ་ནེན་ཡན་ཙིན་ནི་ཀན་སོ་ས་ཁུལ་གྱི་སྲིད་གཞུང་གི་ཐོབ་ས་མཐོ་བ་ཞིག་ཡིན། མོ་ཆུང་དུས་སློབ་སྦྱོང་འབད་པ་ཆེ་བ་ཞིག་ཡིན། འོན་ཀྱང་མི་ཚེ་ནི་ཀྱག་ཀྱོག་ཅན་ཞིག་ཡིན། ལོ་ན་གཞོན་དུས་ཤིག་ནས་ཁྱོ་ཀ་ཤི། མོ་རང་ཆེས་དབུལ་པོར་གྱུར། གཞན་མི་དྲག་ཚོའི་བུ་རྒྱུད་ལ་རོལ་ཆས་སློབ་པ་དང༌། འབྲི་སློབ་པ་གླ་རྔན་ཙམ་གྱིས་འཚོ་ཐབས་མཛད། རྗེས་ནས་སངས་རྒྱས་ཀྱི་དམ་པའི་ཆོས་ཉན་པའི་སྐལ་བཟང་ཐོབ། ཐོས་པས་དགའ་ཞིང་དད་པར་གྱུར། འོན་ཀྱང་དམ་ཆོས་ཟབ་པའི་དོན་ལ་གོ་བ་མ་རྙེད་ནས་ཐུགས་སྐྱོ། རྗེས་སུ་དགའ་འོས་པ་ཞིག་ལ་ཇུན་ཇན་དར་ཞིང་རྒྱས་པའི་སྐབས་སུ། དམ་ཆོས་ལ་སྦྱངས་ནས་ཧ་ཅང་མཁས་པར་གྱུར་པའི་ཨ་དྲིའི་སྐྱེས་ཆེན་ཞིག་ལ་སློབ་དཔོན་ཧྥ་ཀྲི་ཟེར་བ་ཡོད་པ་དེས་རྒྱལ་ཁབ་ཀྱི་ནུབ་སྒོའི་ཕྱོགས་སུ་དགོན་པ་ཞིག་གསར་བསྐྲུན་མཛད་དེ་ཆོས་གསུངས་པ་དང་འཕྲད། ཅིན་ཅན་གྱིས་ཆོས་ཀྱི་སྒྲོ་འདོགས་སློབ་དཔོན་ཧྥ་ཀྲིའི་མདུན་དུ་བཅད། གློ་བུར་དུ་རིགས་སད། མོས་སེམས་སུ་སྐྱེ་ཤིའི་དོན་ཆེ། ཚེ་ལ་ལོང་མེད་པ་དམ་ཆོས་སྦྱང་བ་ཕྱི་བ་ལས་སྔ་བ་བཟང་། རང་ད་ལྟ་ལོ་ན་ཆུང་བའི་ལང་ཚོ་དར་དུས་ཅིའི་ཕྱིར་དམ་ཆོས་ལ་མི་འབད་དེ། དམ་པའི་ཆོས་རྣམས་ཁུང་དུ་ཆུབ་པར་བྱས་ནས་རང་གཞན་གཉིས་ལ་ཕན་བདེ་བསྒྲུབ་པར་བྱ་སྙམ། དེ་ཕྱིར་མོས་སློབ་དཔོན་ཧྥ་ཀྲི་ལ་དཔེ་ཆ་གཡར་ནས་བརྩོན་པ་བསྐྱེད་དེ་དཔེ་གཟིགས་རྒྱ་ཆེར་མཛད། མདོ་དོན་ཀུན་ཤེས་པར་བྱས་པ་མ་ཟད་གནད་ཟབ་ཀུན་བྱང་ཆུབ་པར་གྱུར། ཉིན་ཞིག་མོའི་ཐུགས་ལ་དོགས་པ་འདི་འདྲ་ཞིག་སྐྱེས། དེ་ཕྱིར་ཧྥ་ཀྲི་ལ་བླ་མ་ལགས། སློབ་མ་བདག་གིས་མདོའི་ནང་དུ་དགེ་སློང་དང་དགེ་སློང་མ་ཞེས་གསུངས་པ་མཐོང༌། སངས་རྒྱས་ཀྱི་ཆོས་ལ་ཕོ་མོ་གཉིས་པོ་རབ་ཏུ་བྱུང་ན་ཆོག་གམ། གལ་ཏེ་ཆོག་ན་སློབ་བུ་བདག་ལ་ཐུགས་རྗེས་གཟིགས་ནས་ཐུགས་རྗེས་འཛིན་པར་ཞུ། བདག་རབ་ཏུ་བྱུང་བར་མཛོད་ཞུས་སྐབས། སློབ་དཔོན་ཧྥ་ཀྲི་ཡིས་ནུབ་ཕྱོགས་ན་ཕོ་མོ་གཉིས་ཀ་རབ་ཏུ་བྱུང་བ་ཡོད་ཀྱང་། རང་རྒྱ་ནག་པ་ལ་ཆ་རྐྱེན་མ་ཚང་བས་ད་དུང་དགེ་སློང་མེད་གསུངས། སངས་རྒྱས་ཀྱི་བསྟན་པ་ལ་ཕོ་མོ་གཉིས་ཀ་རབ་བྱུང་ཡོད་ན། ངེད་རྒྱ་ནག་པ་ལ་ཕོ་ལས་མོ་མེད་པ་དེ། ཕོ་མོའི་འདུལ་ཁྲིམས་ལ་ཁྱད་པར་ཡོད་དམ། བུད་མེད་ཅིའི་ཕྱིར་རབ་བྱུང་བསྒྲུབ་མི་ནུས། སློབ་དཔོན་ཧྥ་ཀྲི་ཡིས། ནུབ་ཕྱོགས་ནས་བརྒྱུད་པའི་སངས་རྒྱས་ཀྱི་གསུང་རབས་ནང་དུ་ཕོ་མོ་འདུལ་ཁྲིམས་ལ་ཁྱད་པར་ཡོད། དགེ་སློང་ལ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ། དགེ་སློང་མ་ལ་འདུལ་ཁྲིམས་སུམ་བརྒྱ་ལྷག་གསུངས། ཞིབ་པར་ངས་ཀྱང་གཞན་ལ་དྲིས་ཏེ་ཁྱེད་ལ་བཤད་ཆོག་གསུངས། སློབ་དཔོན་གཞན་པ་ཞིག་གིས་དགེ་སློང་མའི་འདུལ་ཁྲིམས་དང་དགེ་སློང་འདུལ་ཁྲིམས་གཉིས་ལ་ཁྱད་ཆེན་པོ་མེད། ཞིབ་ས་ནས་དགེ་སློང་མའི་བསྲུང་བྱའི་མང་། ངེས་པར་དུ་རབ་ཏུ་བྱུང་བར་འདོད་ན་དང་པོ་དགེ་སློང་ཞིག་གི་མདུན་དུ་དགེ་ཚུལ་གྱི་བསླབ་བྱ་རགས་པ་བཅུ་ཞུས་ནས་བསྲུང་ན་བཟང་གསུངས། དེ་ནས་ཅིན་ཅན་ནུབ་ཕྱོགས་ཀྱི་ས་གནས་ཀྲི་ཧྲན་ནས་རབ་བྱུང་ནས་དགེ་ཚུལ་ཞུས་ནས་ཡང་དག་བསྲུངས། རྒྱ་ནག་གི་དགེ་ཚུལ་ཆེས་སྔོན་མ་ཡིན། ཁོང་དང་མཉམ་དུ་བུད་མེད་ཉེར་བཞི་རབ་ཏུ་བྱུང་སྟེ། དགེ་ཚུལ་ཞུས། རྒྱལ་ཁབ་ཀྱི་ནུབ་ཕྱོགས་སྒོ་ཕྱོགས་སུ་ཀྲོ་ནེན་དགོན་པ་གསར་འདེབས་མཛད། དེའི་སྐབས་སུ་དགེ་སློང་མ་མེད་པས་ཀུན་གྱིས་ཆོས་ལ་སྒྲོ་འདོགས་ཡོད་སྐབས་ཅིན་ཅན་གྱི་མདུན་དུ་སྒྲོ་འདོགས་བཅད། ཅིན་ཅན་ཤེས་རབ་ཆེ་ཞིང་སྙིང་རྗེ་ཆེ། ལྷག་བསམ་དཀར་ལ་ངག་ཀྱང་འཇམ། གཏོང་ཕོད་ཆེ་ལ་ང་རྒྱལ་མེད། གཤིས་རྒྱུད་འཇམ་ལ་བྱ་སྤྱོད་གཙང་། ཀུན་དང་མཐུན་ཞིང་ཀུན་གྱིས་བཀུར། དེ་ཕྱིར་གསུང་ལ་མི་ཉན་མཁན་མེད་པས་ཀུན་ལ་ཕན་རྒྱ་ཆེན་བྱུང༌། དེ་ནས་ཤར་ཇུན་རྒྱལ་རབས་དུས་སུ་སློབ་དཔོན་ཧྲིན་ཅན་ཟེར་བ་ཞིག་གིས་ནུབ་ཕྱོགས་ནས། དགེ་སློང་མའི་འདུལ་ཁྲིམས་ཀྱི་དཔེ་ཆ་ཚང་བ་ཞིག་ཁྱེར་ཏེ་བྱོན། སྤྱི་ལོ་སུམ་བརྒྱ་ང་བདུན་ལོ་ཟླ་གཉིས་པའི་ཚེས་བརྒྱད་ལ་ལོ་ཡང་ས་གནས་སུ་འདུལ་བའི་ཆོས་གྲྭ་བཙུགས་ཏེ་འདུལ་ཁྲིམས་གནང་བའི་སྐབས། ཅིན་ཅན་གྱིས་དགེ་སློང་མ་ཞུ་བ་ལ་དགེ་སློབ་མ་སློབ་དཔོན་མེད་པས་ཆ་རྐྱེན་མ་ཚང་བས། སློབ་དཔོན་རྣམས་ཀྱིས་དཔྱད་ཚེ།མོ་ལ་སྡོམ་པ་མི་ཐོབ་པ་དང༌། ཐོབ་ན་ཕྱིས་སུ་རྒྱ་ནག་པའི་དགེ་འདུན་པ་ཐུགས་ནང་མི་མཐུན་པའི་རྟེན་འབྲེལ་ཡོད་པས་གྲོས་བྱས་ཚེ། དཔེ་ཆ་ཞིག་ཏུ། གལ་ཏེ་ཆུ་ངོགས་སུ་སྡོམ་པ་ཞུས་ན་སྡོམ་པ་ཐོབ་ལ་སྐྱོན་དེ་དག་མེད་ཅེས་གསུངས་ཡོད་པ་རྙེད་ནས་ཅིན་ཅན་དང་མཉམ་དུ་བུད་མེད་བཞི་སློབ་དཔོན་ཧྲིན་ཅན་བཅས་གྲུ་རུ་བཞུགས་ནས་ཆུ་ངོགས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་ཞུས་ཅིན་ཅན་རྒྱ་ནག་གི་དགེ་སློང་མ་ཆེས་སྔོན་མར་གྱུར། མོ་བསྙེན་པར་རྫོགས་ཚེ་སྔོན་ན་མེད་པའི་དྲི་ཞིམ་ཞིག་ཕྱོགས་བཞིར་ངད་པ་འཐུལ། མི་ཀུན་དད་པ་བླ་ལྷག་ཏུ་འཕེལ་བར་གྱུར། མོས་བསྲུང་བྱ་ཀུན་མིག་བཞིན་བསྲུང་ངོ༌། །དེ་ནས་ཤར་ཇུན་རྒྱལ་རབས་ཀྱི་མཇུག། སྤྱི་ལོ་སུམ་བརྒྱ་དྲུག་ཅུ་རེ་གཅིག་ལོར། ཉིན་ཞིག་མི་རྣམས་ཀྱིས་ཕྱོགས་ཀུན་ནས་ཞིམ་འཐུལ་བ་ཚོར། མ་ཟད་ནམ་མཁའ་འཇའ་ལམ་དམར་པོ་ཞིག་ཐག་ལྟར་བསྐྱངས། སྟེང་དུ་ལྷ་ཡི་བུ་མོ་ལྟ་བུ་གཟུགས་མཛེས་ལྟ་ན་སྡུག་པ་ཞིག་གིས་མེ་ཏོག་གཏོར་བཞིན་ཕེབས་འོང་། དེའི་སྐབས་སུ་དགེ་སློང་མ་ཅིན་ཅན་གྱིས་ཁྱེད་ཅག་གིས་དམ་ཆོས་ལ་སྔར་ལས་ལྷག་པ་བརྩོན་པར་གྱིས། ང་ནི་ད་འགྲོ་རན་གསུང་བཞིན་འཕུར་ནས་འཇའ་ལམ་དུ་ཞུགས་སྐུ་ལུས་དང་འཇའ་གཉིས་སུ་མེད་པར་གཤེགས་སོང༌། ཕྱིས་སུ་གཞི་ནས་བོད་བརྒྱུད་ཆོས་ལུགས་ཀྱི་འཇའ་ལུས་འཕོ་བ་ཆེན་པོ་གྲུབ་པ་བརྙེས་པ་ཤེས་སོ།། །།མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
