Upon Arriving at Yangleshö—Tibetan

Practices › Pilgrimage | Literary Genres › Songs and Poems | Places › Nepal | བོད་ཀྱི་བླ་མ།མཁན་ཆེན་འཇིགས་མེད་ཕུན་ཚོགས།

English | བོད་ཡིག

མཁན་ཆེན་འཇིགས་མེད་ཕུན་ཚོགས།

Yangleshö Cave

༄༅། །བལ་ཡུལ་ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ་སོན་སྐབས།

 

རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་འཇམ་དཔལ་ནི་དཔའ་བོ། །

སྙིང་དབུས་གཞོན་ནུ་བུམ་སྐུའི་ཀློང་དཀྱིལ་དུ་བཞུགས་ནས། །

བྱིན་རླབས་ཡེ་ཤེས་མཆོག་གི་སྣང་བ་དང་འགྲོགས་པའི། །

དགོངས་བརྒྱུད་རྟོགས་པ་འཕོ་བའི་བྱིན་ཆེན་དེ་ཕོབ་ཤོག །

 

འདི་ན་ཆོས་ཀུན་རིག་སྟོང་ཉག་གཅིག་ཏུ་དག་སྟེ། །

འཁོར་འདས་ཆོས་ལ་རེ་དོགས་ཞེན་པ་ཀུན་གྲོལ་ནས། །

འཁྲུལ་བ་ཞིག་པའི་རྣལ་འབྱོར་སྐྱིད་ཉལ་ཞིག་བྱས་ཚེ། །

གཟུངས་སྤོབས་བློ་གྲོས་སྒོ་བརྒྱ་དུས་གཅིག་ཏུ་ཕྱེས་སོང་། །

 

བལ་ཡུལ་ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ་སོན་སྐབས། །

མ་དག་འཁྲུལ་བའི་སྣང་བ་འཇའ་སྤྲིན་བཞིན་དེངས་ནས། །

རྩོལ་བཅས་ལམ་གྱིས་བསྒྲུབས་པའི་ལྷ་སྐུ་ཙམ་མིན་པར། །

ངེས་དོན་སྒྱུ་འཕྲུལ་དྲྭ་བའི་རང་ཞལ་དེ་མཇལ་བྱུང་། །

 

ཚེ་འདིར་བདེ་ཐོབ་གཉེར་བ་ཁྱིམ་པ་ཡི་ཚོགས་དང་། །

ཕྱི་མའི་བདེ་འབྲས་འཚོལ་བ་རབ་བྱུང་གི་སྐྱེ་བོ། །

གསེར་སྒྲོག་ཐག་སྒྲོག་འཆིང་བྱེད་མཉམ་པ་རུ་འདུག་བཞིན། །

གཉིས་ཀ་རེ་དོགས་འཕྲང་ལས་བརྒལ་ཐབས་རང་དཀའོ། །

 

སྔོན་ཞིག་དགྲ་ལྟར་སྣང་བ་དུག་ལྔ་ཡི་རྟོག་པ། །

དེ་རིང་རིག་སྟོང་ཆེན་པོའི་ངོ་བོ་རུ་དག་འདུག །

དོན་མེད་ངལ་བའི་ཐུན་བཞི་ཁྲིགས་ཆགས་དེ་བོར་ནས། །

སྒྱུ་མའི་རྣལ་འབྱོར་སྐྱིད་པའི་མལ་ས་རུ་ཉལ་འདོད། །

 

སྔོན་ཞིག་གནས་འདིར་འཇམ་དཔལ་བློ་ལྡན་དེ་མཆོག་སྲེད། །

ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་སུམ་དུ་གྱུར་སྐད། །

ད་ལྟ་བུ་ཕྲུག་བདག་ཀྱང་ཕ་རྗེས་སུ་ཟིན་ནས། །

གདམས་ངག་གཞན་ལ་རེ་བའི་མདུད་པ་དེ་གྲོལ་ཐལ། །

 

རྒྱལ་སྲིད་བདུན་གྱི་གྲངས་ལྡན་འདུས་པ་ཡི་ཚོགས་རྣམས། །

ཕ་མེས་རིག་འཛིན་བརྒྱུད་པའི་ཕམ་ཕབ་ལ་རོལ་དང་། །

རིག་འཛིན་རྣམ་བཞིའི་ས་ལ་ཁྱུང་ལྡིང་བཞིན་བགྲོད་དེ། །

མཐའ་ཀླས་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ་འགྱུར་ཡོང་། །

 

ཞེས་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྨྱོ་གཏམ་དུ་སྨྲ་པ་མཁས་བཙུན་བཟང་པོའི་རྣམ་ཐར་མཆོག་ཏུ་སྣང་བ་མཁན་པོ་རྣམ་གྲོལ་གྱིས་ཡི་གེར་བཀོད་པའོ།། དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་འབར་བར་གྱུར་ཅིག།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept