བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཕུར་པ་མགུལ་ཁུག་མའི་ཆ་ལག་བསྒྲལ་ལས་གནམ་ལྕགས་ཐོག་མདའ།

English | བོད་ཡིག

༄༅། །ཕུར་པ་མགུལ་ཁུག་མའི་ཆ་ལག་བསྒྲལ་ལས་གནམ་ལྕགས་ཐོག་མདའ་བཞུགས། །

 

འདིར་ཤོམ་ར་སོགས་སྤྱི་ལྟར་བྱས་ལ།

ཧཱུྃཿ ཨེ་ལས་གྲུ་གསུམ་ཐར་མེད་བྲུབ་ཁུང་ནང༌། །

ནྲྀ་ཏྲི་ལས་གྱུར་དགྲ་བགེགས་གདུག་པ་ཀུན། །

མངོན་སུམ་བཞིན་གསལ་བཀའ་ཉན་སྲུང་མ་ཡིས། །

གནོད་བྱེད་ཁུག་ལ་རྟེན་འདིར་ཐིམ་པར་མཛོད། །

ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛ།

 

ཧཱུྃ༔ ཡེ་ཤེས་སྤྱན་ལྡན་རྩ་གསུམ་སྲུང་མའི་ཚོགས། །

དམ་རྫས་དཔལ་གྱི་མཆོད་གཏོར་འདི་བཞེས་ལ། །

བདག་ཅག་བསམ་སྦྱོར་མདའ་ལྟར་དྲང་གྱུར་ཀྱང་། །

དམ་ཉམས་དགྲ་འདི་གཞུ་ལྟར་འཁྱོགས་གྱུར་པས། །

གཟུ་དང་དཔང་དུ་དཀོན་མཆོག་གསུམ་པོ་བཞུགས། །

ཞལ་ལྕེ་སྣང་སྲིད་ལྷ་འདྲེས་དྲང་ཤན་ཕྱེས། །

གདུག་ཅན་དགྲ་ལ་ཆད་པ་དྲག་པོ་ཕོབ། །

ས་མ་ཡ་ཧོ། །

 

ཧཱུྃཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །

དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །

རིག་འཛིན་བདག་ཅག་རྣམས་ལ་ནི། །

གནོད་ཅིང་སྡང་བར་བྱེད་པ་རྣམས། །

ལྷ་འམ་འོན་ཏེ་བདུད་ཀྱང་རུང༌། །

མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །

ཨོཾ་བཛྲ་པཱ་ཤ་ཧཱུྃ།

ཨོཾ་་བཛྲ་སྤོ་ཊ་བཾ།

ཨོཾ་བཛྲ་གཎྜེ་ཧོ།

ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ།

ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ།

 

ཧཱུྃཿ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ། །

ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །

ཤིན་ཏུ་མི་བཟད་རབ་འཇིགས་སྐུར་བསྟན་པ། །

དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །

ཡེ་ཤེས་འོད་ལྔ་འབར་བས་དུག་ལྔ་བསྲེགས། །

རྣམ་པར་ཤེས་པ་མི་བསྐྱོད་དབྱིངས་སུ་བསྟིམས། །

ཡེ་ཤེས་མཚོན་གྱིས་ཕུང་པོ་རྡུལ་དུ་གཏུབས། །

ཁམས་གསུམ་སྲིད་པ་དབྱིངས་སུ་བསྒྲལ་བར་བྱ། །

སརྦ་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ།

སྤྲོ་ན་སྤུ་གྲིའི་སྔགས་ཀྱང་ཅི་ནུས་བཟླའོ། །

 

ཧཱུྃ། གནོད་བྱེད་དགྲ་དང་བགེགས་ཚོགས་ཀྱི། །

དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས། །

དཔལ་ཆེན་ལྷ་ཚོགས་ཞལ་དུ་བསྟབས། །

དགྱེས་པར་རོལ་ཅིག་ཁཱ་ཧི་ཧོ། །

 

བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །

ནད་གདོན་བྱད་ཕུར་རྦོད་གཏོང་སོགས། །

མི་མཐུན་རྐྱེན་ངན་མཐའ་དག་ཀུན། །

བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །

 

ཅེས་པ་འདི་ནི༸གོང་ས༸སྐྱབས་མགོན་ཆེན་པོ་དང་རྡོ་རྗེ་གྲགས་ལྡན་གྱིས་ཡང་ཡང་བསྐུལ་བ་དོན་ལྡན་བྱ་ཕྱིར། ལྕགས་རྟ་ཟླ ༦ ་ཚེས ༢༧ ་ཉིན་ཆོས་རྗེ་དམ་པ་ངག་དབང་བློ་གྲོས་མཚུངས་མེད་མཆོག་གསང་ཆེན་སྔ་འགྱུར་ཆོས་སྡེ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་མི་འཇིགས་གདོང་ལྔས་བཏེག་པའི་ཁྲིར་ལྷ་མཆོག་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་སྐུར་བཞེངས་ཤིང་བཟླས་དམིགས་ལ་སྦྱོར་བའི་སྐབས་སུ་རིག་ཀློང་ནས་རྩོལ་མེད་དུ་རྡོལ་སྐབས་བདག་མཁན་པོ་རྣམ་གྲོལ་གྱིས་ཡི་གེར་བཀོད་པས་མི་མཐུན་པའི་གཡུལ་ལས་རྒྱལ་ཞིང་དགེ་ལེགས་ཀྱི་སྣང་བ་རྟག་ཏུ་འབར་གྱུར་ཅིག། །།

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

Two-Armed Vajrakīlaya

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept