བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཕུར་པའི་དམིགས་རིམ།

English | བོད་ཡིག

༄༅། །ཕུར་པའི་དམིགས་རིམ།

ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མ་ར་ཡ། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་རྣལ་འབྱོར་སྒོམ་པ་ལ་ཐུན་མོང་ལམ་གྱི་བློ་སྦྱོང་ཞིང་དབང་ཐོབ་དམ་ཚིག་དང་ལྡན་པ་དེའི་ཐོག་མར་ཡི་དམ་ལྷའི་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ལ་མོས་གུས་དྲག་པོའི་གསོལ་འདེབས་དང་། མཐའ་ཡས་པའི་སེམས་ཅན་རྣམས་ལ་དམིགས་ནས། ཉོན་མོངས་ཀྱིས་སྨྱོས་གཏི་མུག་ལྡོང་། །གཡང་ས་མང་པོའི་འདམ་དུ་ནི། །གོམ་པ་རེ་རེ་བརྡེག་འཆའ་བ། །ཞེས་གསུངས་པ་ལྟར་བླང་དོར་གྱི་གནས་ལ་རྨོངས་ཤིང་སྡུག་བསྔལ་གསུམ་གྱིས་མནར་བའི་ཚུལ་ལ་བསམ་ནས་སྙིང་རྗེ་དྲག་པོ་བསྐྱེད་དེ། ད་རེས་རྡོ་རྗེ་གཞོན་ནུའི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས་སེམས་ཅན་འདི་རྣམས་སངས་རྒྱས་ཀྱི་སར་ཁྲིད་ནུས་པ་དཔལ་ཆེན་པོའི་གོ་འཕང་ངེས་པར་ཐོབ་པར་བྱ་སྙམ་དུ་འདུན་པ་དྲག་པོ་བསྐྱེད་དེ། དེ་ནས་རྣལ་འབྱོར་དངོས་ལ་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བ་ཞིག་གལ་ཆེ་ལ། དེ་ནི་གང་སྣང་ཐམས་ཅད་རྡོ་རྗེ་གཞོན་ནུའི་རྟེན་དང་བརྟེན་པའི་ལྷའི་དཀྱིལ་འཁོར་དང་། སྒྲ་གྲགས་ཐམས་ཅད་བཛྲ་ཀཱི་ལ་ཡའི་སྔགས་དང་། དྲན་རྟོག་ཐམས་ཅད་དཔལ་ཆེན་པོའི་ཐུགས་བདེ་སྟོང་གི་རྣམ་རོལ་དུ་བསྒོམ་པ་ཡིན་ལ། ཁྱད་པར་དུ་སྔ་འགྱུར་རང་ལུགས་ལ་སེམས་རིག་ལ་ཤན་ཕྱེས་ཏེ། རིག་པ་ཡེ་ཤེས་ཉིད་འཁོར་བའི་ཆོས་ཀུན་རྟོག་བདེན་སྣང་དང་བཅས་པས་ཡེ་ནས་གོས་མ་མྱོང་ཞིང་། མྱང་འདས་ཀྱི་ཆོས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་ཚུལ་ཇི་བཞིན་པར་ངོ་འཕྲོད་པ་ཞིག་གཞིར་བཟུང་ནས། གཟུང་འཛིན་ཕཊ་ཀྱིས་གཏོར་བའི་རྗེས་གཞིག་ཆེར། །བློ་བྲལ་ཐུག་ཕྲད་ཤེས་པའི་ངོ་བོ་རུ། །ཞེས་གསུངས་པ་ལྟར་ཧཱུྃ་ཞེས་བརྗོད་པས་གཟུང་འཛིན་གྱི་རྟོག་པ་ཐད་ཀར་བཅད་ནས་རིག་པ་མ་བཅོས་ཐད་སོར་བཞག་པས་ཀུན་རྟོག་གཟུང་འཛིན་ཐམས་ཅད་དབྱིངས་སུ་དག་ནས་གཏད་མེད་རྒྱ་ཡན་གྱི་རིག་པ་ཆོས་ཉིད་དོན་གྱི་རྡོ་རྗེ་གཞོན་ནུ་ཉག་གཅིག་ཏུ་གྱུར་པའི་ངང་ནས། དེའི་གསལ་ཆ་ཆོས་ཉིད་དོན་གྱི་རྡོ་རྗེ་གཞོན་ནུ་ཉིད་ཕྱག་རྒྱ་རྟགས་ཀྱི་ལྷ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་སོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རྣམ་པར་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཀྲ་ལམ་གྱིས་གསལ། དེ་ཡང་དཔལ་ཆེན་པོའི་ཐུགས་ཡེ་ཤེས་རང་སྣང་ལས་གྲུབ་པའི་འོག་མིན་དུ་ཁྲོ་བོའི་དཀྱིལ་འཁོར་ཤར་བ་དུར་ཁྲོད་མེ་རི་འབར་བའི་རྡོ་རྗེ་གཞོན་ནུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡང་དེ་ལས་གཞན་ན་མེད་དེ། འདིར་རང་གི་རིག་པའི་ངོ་བོ་བླ་མ་རྡོ་རྗེ་གཞོན་ནུའི་ཐུགས་དང་དབྱེར་མེད་པ་ལ་མཉམ་པར་བཞག་པའི་ཡེ་ཤེས་དེ་ཉིད་རྟེན་དང་བརྟེན་པའི་རྣམ་པར་ཤར་བས་སོ། །སྣོད་བཅུད་འདི་དག་ལྷའི་དཀྱིལ་འཁོར་མིན་པ་ལ་ཡིན་པར་བཅོས་ནས་གསར་དུ་བསྒོམ་པ་མིན་ཏེ། ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་གསལ་འདེབས་ཙམ་ཞིག་ལས། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན། །ཞེས་གསུངས་པ་ལྟར། སེམས་ཉིད་རིག་པའི་རང་སྣང་ཐུན་མིན་དག་པ་ལྷའི་དཀྱིལ་འཁོར་གྱི་རང་བཞིན་དུ་ཡེ་ནས་ཡོད་ཀྱང་། ཀུན་རྟོག་ལས་རླུང་དང་བཅས་པས་བསྒྲིབས་ནས་མ་མཐོང་བ་ཡིན་ལ། འདིར་ཀུན་རྟོག་བག་ཆགས་དང་བཅས་པ་བཅད་ནས་རིག་པའི་རང་སྣང་ཇི་བཞིན་པར་བསྒོམ་པའི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པའི་སྣང་ཆ་དང་མ་བྲལ་བ་ན་རབ་དང་། གལ་ཏེ་ལྷའི་རྣམ་པ་མ་ཤར་ཡང་རང་གི་རིག་པ་བླ་མ་རྡོ་རྗེ་གཞོན་ནུའི་ཐུགས་བདེ་སྟོང་གི་ཡེ་ཤེས་དང་དབྱེར་མེད་པའི་ངང་ལས་མ་གཡོས་པས་གང་སྣང་ཐམས་ཅད་རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་རྣམ་རོལ་དུ་ཤར་བ་ལ་སྣང་བ་ལྷའི་ཁྱེར་སོ་ཟེར། སྔགས་ཀྱི་དེ་ཉིད་ལྷ། ལྷའི་དེ་ཉིད་འོད་གསལ་ཡིན་པར་གསུངས་པ་ལྟར་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དེ་ཉིད་སྔགས་ཀྱི་རྣམ་པར་ཤར་བ་ཨོཾ་བཛྲ་ཀཱི་ལ་ཡའི་སྔགས་ཀྱི་རྣམ་པར་མ་ཤར་ཡང་ཡེ་ཤེས་རང་སྣང་ཞེས་སྒྲ་གྲགས་ཐམས་ཅད་རང་རིག་རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་རྣམ་རོལ་དུ་ཤར་བ་ལ་སྒྲ་གྲགས་སྔགས་ཀྱི་ཁྱེར་སོར་བཞག་ཆོག །ད་ལྟའི་ཤེས་པ་གཏད་སོ་དང་བྲལ་བ་འཛིན་མེད་ཀྱི་རིག་པ་དང་བླ་མ་རྡོ་རྗེ་གཞོན་ནུའི་ཐུགས་བདེ་སྟོང་གི་ཡེ་ཤེས་དབྱེར་མེད་པ་ལ་མཉམ་པར་བཞག་པའི་ངང་ནས་མི་གཡོ་བར་བྱེད་པ་ནི་དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ཡིན་ནོ། །བླ་མ་རྡོ་རྗེ་གཞོན་ནུ་ཞེས་བླ་མ་དང་དབྱེར་མེད་དུ་ཤེས་པ་གལ་ཤིན་ཏུ་ཆེ་སྟེ། སྤྱིར་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་བླ་མ་ལ་བརྟེན་ནས་འབྱུང་དགོས་ཤིང་། ཁྱད་པར་དུ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་དུས་སུ་སློབ་དཔོན་ཉིད་རྡོ་རྗེ་གཞོན་ནུའི་རྟེན་དང་བརྟེན་པའི་རྣམ་པར་བཞེངས་ནས་འོག་མིན་ན་བཞུགས་པའི་ཡེ་ཤེས་པ་དང་དབྱེར་མེད་དུ་བྱས་ནས་བདག་རྒྱུད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས། འདི་ལྟར་བསྒོམ་པ་ཐམས་ཅད་དེ་ཉིད་ཁ་གསོས་བྱེད་པ་ཡིན་པའི་ཕྱིར་རོ། །ལྷའི་དཀྱིལ་འཁོར་དེ་ཉིད་ཆེ་བའི་ཚད་འཁོར་འདས་ཐམས་ཅད་རིག་པའི་ཀློང་དུ་རྫོགས་ཤིང་རིག་པ་ལས་གཞན་དུ་མ་གྲུབ་ཏེ། མ་དག་འཁོར་བའི་ཆོས་རྣམས་ནི་ཀུན་རྟོག་གིས་བཞག་པ་ཙམ་ལས་དོན་ལ་མེད་སྣང་སྟོང་པའི་རང་གཟུགས་ཙམ་ཡིན་པས། དཔེར་ན་མཁྲིས་ནད་ཞི་བ་ན་དུང་སེར་སྣང་རང་ཡལ་ལ་འགྲོ་བ་ལྟར། རང་གི་སེམས་ཉིད་རྣམ་པར་མི་རྟོག་པ་བླ་མའི་ཐུགས་བདེ་སྟོང་གི་ཡེ་ཤེས་དབྱེར་མེད་པའི་ངང་ལ་མཉམ་པར་བཞག་པས་ཀུན་རྟོག་འཁྲུལ་སྣང་དང་བཅས་པ་དབྱིངས་སུ་དག་ཅིང་། དག་པ་མྱང་འདས་ཀྱི་ཆོས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱི་སྐུ་དང་ཞིང་ཁམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་རང་རིག་རྡོ་རྗེ་གཞོན་ནུའི་ཀློང་དུ་རྫོགས་ཡོད་པས། ཆོས་ཉིད་དོན་གྱི་ལྷ་དེ་དཔལ་རྡོ་རྗེ་གཞོན་ནུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཕྱག་རྒྱ་རྟགས་ཀྱི་རྣམ་པར་ཤར་བ་ཡིན་པས། འཁོར་འདས་ཐམས་ཅད་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གཅིག་གི་བདག་ཉིད་དུ་བསྒོམ་པ་ཡིན་ལ། ཡོན་ཏན་གྱི་ཚད་དེ་ལྟ་བུའི་ལྷ་རྟེན་དང་བརྟེན་པ་ཐམས་ཅད་སྣང་བརྙན་ཙམ་མ་ཡིན་པར་རང་རིག་བླ་མ་རྡོ་རྗེ་གཞོན་ནུའི་ཐུགས་བདེ་ཆེན་གྱི་ཡེ་ཤེས་ཉིད་དེ་དང་དེར་ཤར་བ་ཡིན་པས་ལྷ་གཙོ་འཁོར་མ་ཟད་གདན་དང་གཞལ་ཡས་ཁང་དང་འཁོར་ཡུག་གི་ལྗོན་ཤིང་སོགས་ཐམས་ཅད་སྤང་རྟོགས་མཐར་ཕྱིན་པའི་མཁྱེན་བརྩེ་ནུས་གསུམ་དང་ལྡན་པའི་སངས་རྒྱས་ཀྱི་རང་བཞིན་ཅན་ཡིན་ནོ། །བར་སྐབས་ལྷར་སྣང་འདྲེར་སྣང་སོགས་རྨི་ལམ་དང་ཉིན་སྣང་བཟང་ངན་གྱི་རྣམ་པ་དང་། སྙན་མི་སྙན་གྱི་སྒྲ་དང་། གནས་དགའ་འགྱུ་སྡུག་གི་རྟོག་པ་ཇི་ཤར་ཡང་རེ་དོགས་དགག་སྒྲུབ་མི་བྱེད་པར་གང་ཤར་ཐམས་ཅད་རང་རིག་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་ཤེས་ནས་རིག་པ་དང་དབྱེར་མེད་དུ་བསྲེས་ནས་གང་ཤར་ཐམས་ཅད་རང་རིག་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་དུ་བལྟ་བ་ནི་གེགས་སེལ་གྱི་མན་ངག་ཟབ་མོ་ཡིན་ཞེས་པ་འདིའང་ནུ་བོ་ཚུལ་ཁྲིམས་བཟང་པོའི་ངོར་སྤྲང་པོ་མ་ཏིའི་མིང་གིས་བྲིས་པའོ།། །།

ཀྱ་ལ་མཁན་པོ་ཆེ་མཆོག

རྡོ་རྗེ་ཕུར་པ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept