Aspiration to Accomplish Khecara—Tibetan

Practices › Aspiration Prayers | Tibetan MastersLelung Shepé Dorje

English | བོད་ཡིག

Lelung Shepé Dorje

Lelung Shepé Dorje

Further Information:
Download this text:

༄༅། །མཁའ་སྤྱོད་འགྲུབ་པའི་སྨོན་ལམ་འཕྲུལ་གྱི་ཞགས་པ་ཞེས་བྱ་བ་བཞུགས་སོ།  །

 

ཨེ་མ་ཧོ།

སྣང་གྲགས་འགྱུ་བའི་ཆོས་རྣམས་ཀུན། །

འཇོ་སྒེག་ལྷ་མོའི་རྣམ་འགྱུར་དུ། །

ཅིར་ཡང་རོལ་པའི་སྒྱུ་འཕྲུལ་ཅན། །

རང་རིག་ཕྱག་རྒྱ་ཆེན་མོར་འདུད། །

 

ཐོག་མཐའ་མེད་པའི་རྡོ་རྗེའི་སེམས། །

འཁོར་འདས་ཀུན་ལ་ཁྱབ་པ་ཡིས། །

འཆིང་དང་གྲོལ་མཛད་དེ་དང་དེར། །

ཅིར་ཡང་འཆར་བའི་ལྷ་ཚོགས་དགོངས། །

 

བདག་ནི་ཐོག་མ་མེད་པ་ནས། །

ཀུན་ནས་དཀྲིས་པས་རྣམ་པར་དཀྲུགས། །

ལས་ཉོན་སྲ་བའི་ཞགས་པས་བཅིངས། །

ཉམ་ཐག་འཁོར་བའི་གནས་སུ་འཁྱམས། །

 

ད་ནི་འཇིགས་པས་ཡིད་གདུངས་ཏེ། །

སྐྱབས་གནས་ཁྱེད་རྣམས་མ་ལགས་པའི། །

གཙོ་བོ་གཞན་དུ་སྐྱབས་མ་མཆིས། །

སྙིང་ནས་ཁྱོད་ལ་སྐྱབས་སུ་མཆི། །

 

གདུང་བའི་མིག་ནས་མཆི་མ་འཁྲུག །

སྐྱོ་བའི་སྨྲེ་སྔགས་ཤུགས་རིང་འབྱིན། །

བཟོད་མེད་སྙིང་རླུང་ཁོང་ནས་ལངས། །

གསོལ་བ་འདེབས་པ་འདི་གཟིགས་སམ། །

 

ཀྱེ་མ་བདག་ནི་ཁྱོད་བསམས་ནས། །

ཉིན་མཚན་ལེ་བར་མ་མཆིས་པར། །

གདུང་བས་སྐྱབས་སུ་རེ་བ་ལ། །

ཐུགས་རྗེས་དགོངས་པར་མི་མཛད་དམ། །

 

གཏིང་མཐའ་མེད་པའི་རྒྱ་མཚོ་འདིར། །

གནས་བཅས་འཇིགས་པས་གཙེས་པའི་དུས། །

དབུགས་དབྱུང་གཟེངས་བསྟོད་མི་མཛད་ན། །

ཁྱོད་ཀྱི་ཐུགས་རྗེས་ཅི་ཞིག་བྱ། །

 

ཡུན་རིང་དུས་ནས་བསྒྲུབས་པ་ཡིས། །

མ་གཅིག་ལྷ་མོ་ཁྱེད་རྣམས་ཀྱི། །

མཛེས་ཞལ་ནམ་མཁའི་རྗེས་འགྲོ་བ། །

ཟུར་ཙམ་སྟོན་པར་མི་གནང་ངམ། །

 

ལས་ཉོན་སྲ་བའི་དཔྱང་ཐག་འདི། །

ཕན་མཛད་ཐུགས་རྗེའི་རལ་གྲི་ཡིས། །

མྱུར་དུ་གཅོད་པར་མི་མཛད་ན། །

ཁྱོད་ཀྱི་ཐུགས་དམ་མི་ཉམས་སམ། །

 

ཁྱོད་ཀྱང་སྔོན་གྱི་དུས་ཀྱི་ཚེ། །

བདག་ལྟར་རྨོངས་པ་ཞིག་ལགས་ན། །

སྒོ་གསུམ་མི་ཤེས་བག་མེད་པས། །

ནོངས་པར་ཐུགས་ཀྱང་འཁྲུག་མི་འཚལ། །

 

ཤིན་ཏུ་བཙོག་པའི་རྐྱལ་པ་ལ། །

རང་བཞིན་བཟང་པོ་ཅི་ལ་འཆར། །

དེ་ཕྱིར་བདག་གིས་ནོངས་པ་རྣམས། །

བཟོད་པར་བཞེས་ཤིག་ཐུགས་རྗེ་ཅན། །

 

རྩ་གསུམ་ལྷ་ཡི་འཁོར་ལོ་ནས། །

བེམ་པོའི་རྣམ་འགྱུར་ཚུན་ཆད་ཀྱིས། །

བཀོད་པ་གང་ལ་གང་འཚམས་པས། །

བདག་ལ་ཕན་པར་བྱིན་གྱིས་རློབས། །

 

གཟུགས་སུ་སྣང་བའི་དངོས་པོ་ཀུན། །

མཐོང་བ་ཙམ་གྱིས་ཡིད་འཕྲོག་པའི། །

མཛེས་སྡུག་ལྷ་མོའི་རོལ་པར་ཤར། །

བདེ་ཆེན་འབར་བར་བྱིན་གྱིས་རློབས། །

 

ཟིན་དང་མ་ཟིན་སྒྲ་རྣམས་ཀུན། །

གྲག་སྟོང་སྔགས་ཀྱི་འཁོར་ལོར་འབྱོངས། །

རླུང་སྔགས་གཉིས་སུ་མི་ཕྱེད་པའི། །

ནུས་པ་འབབ་པར་བྱིན་གྱིས་རློབས། །

 

རྟོག་ཚོགས་གང་ཤར་སྣང་བ་ཀུན། །

སྔོན་བསུ་རྗེས་གཅོད་མེད་པར་དེངས། །

རང་སར་བཞག་པས་ཆོས་སྐུར་གྲོལ། །

རྟོགས་པ་འབར་བར་བྱིན་གྱིས་རློབས། །

 

གནས་གསུམ་མཁའ་འགྲོ་མ་ལུས་པ། །

རང་དབང་མེད་པར་གྲོགས་སུ་ཁུག །

ཡིད་ཀྱི་རེ་བ་སྐོང་བྱེད་པའི། །

དངོས་གྲུབ་སྩོལ་བར་བྱིན་གྱིས་རློབས། །

 

དམ་ཅན་རྒྱ་མཚོ་མ་ལུས་པས། །

འགལ་རྐྱེན་བར་ཆད་ཐམས་ཅད་སེལ། །

རབ་འབྱམས་འཕྲིན་ལས་རྣམ་པ་བཞི། །

ཐོགས་མེད་བསྒྲུབ་པར་བྱིན་གྱིས་རློབས། །

 

བཟང་ངན་རྐྱེན་གྱི་བྱེ་བྲག་ཀུན། །

ཐམས་ཅད་རོ་གཅིག་རྒྱན་དུ་ཤར། །

འདེམས་ངོའི་དགག་སྒྲུབ་མེད་པ་ཡི། །

བརྟུལ་ཞུགས་སྤྱོད་པར་བྱིན་གྱིས་རློབས། །

 

སྣང་བ་སྟོང་པའི་རྩལ་དུ་ཤར། །

སྟོང་པ་རྟེན་འབྲེལ་ཉིད་དུ་ངེས། །

ཟུང་འཇུག་ཅོག་བཞག་ཆེན་པོར་འབྱམས། །་

རྫོགས་པ་ཆེན་པོར་བྱིན་གྱིས་རློབས། །

 

དབྱིངས་རིག་ཀ་དག་ཆེན་པོ་དང་། །

རྩལ་སྣང་ལྷུན་གྲུབ་ཐོད་རྒལ་གཉིས། །

རེས་འཇོག་ཕྱོགས་རེར་མ་གོལ་བའི། །

ལམ་བཟང་སྤྱོད་པར་བྱིན་གྱིས་རློབས། །

 

དང་པོར་ཆོས་ཉིད་སྣང་བ་ཤར། །

བར་དུ་སྣང་བས་ཕྱོགས་ཀུན་ཁྱབ། །

ཐ་མར་ཀུན་ཀྱང་དབྱིངས་སུ་ཐིམ། །

གྲོལ་སར་ཕྱིན་པར་བྱིན་གྱིས་རློབས། །

 

གནས་མཆོག་པདྨོ་བཀོད་ལ་སོགས། །

གནས་གསུམ་མཁའ་འགྲོ་ཀུན་འདུ་བའི། །

རང་སྣང་འོག་མིན་ཞིང་རྣམས་སུ། །

འགྲོ་དོན་སྐྱོང་བར་བྱིན་གྱིས་རློབས། །

 

དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །

མངོན་སུམ་འདུལ་བར་མ་ནུས་པའི། །

སྐལ་དམན་སྐྱེ་བོ་ཇི་སྙེད་པ། །

བདག་གིས་འདུལ་བར་བྱིན་གྱིས་རློབས། །

 

ནམ་མཁའ་ཟད་པར་མ་གྱུར་པར། །

སྐྱོ་ངལ་མེད་པའི་སྤྱོད་པ་ཡིས། །

འཕེལ་འགྲིབ་མེད་པ་འགྲོ་བའི་དོན། །

བདག་གིས་སྤྱོད་པར་བྱིན་གྱིས་རློབས། །

 

བདག་ནི་མཐོང་དང་ཐོས་པ་དང་། །

མིང་ཙམ་འཛིན་པར་བྱེད་པ་ཡང་། །

ཁམས་གསུམ་འཁོར་བ་དོང་སྤྲུགས་ཏེ། །

ཆམ་གཅིག་གྲོལ་བར་བྱིན་གྱིས་རློབས། །

 

གང་ཞིག་ཕན་པར་སེམས་པ་དང་། །

བཏང་སྙོམས་བར་མ་དག་ཀྱང་རུང་། །

བརྙས་སྨོད་བརྡེག་འཚོག་མཚང་འབྲུ་བ། །

ལྷག་པར་འདུལ་བར་བྱིན་གྱིས་རློབས། །

 

དུག་གསུམ་དྲག་པོས་རྒྱུད་སྦགས་ཤིང་། །

ངན་སོང་གསུམ་དང་ཁྱད་པར་དུ། །

བར་དོའི་སྡུག་བསྔལ་ལ་སྤྱོད་པའི། །

འགྲོ་བ་འདུལ་བར་བྱིན་གྱིས་རློབས། །

 

རིག་འཛིན་པདྨ་འབྱུང་གནས་དང་། །

ཐུགས་ཀྱི་དགོངས་པར་རོ་གཅིག་པས། །

རྣམ་ཐར་མཉམ་པར་སྤྱོད་པ་ཡི། །

དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །

 

བདག་ནི་གལ་ཏེ་ཚེ་འདི་ལ། །

བཙན་ས་ཟིན་པར་མ་གྱུར་ན། །

ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །

ཁྱེད་རྣམས་བསུ་བའི་ཕྱིར་གཤེགས་ཤིག །

 

ཞལ་གྱི་དཀྱིལ་འཁོར་གསལ་པོར་སྟོན། །

དབུགས་དབྱུང་གསུང་གི་སྣང་བ་སྩོལ། །

བརྩེ་གདུང་མཛའ་བའི་ཐུགས་རྗེས་བཟུང་། །

འོད་གསལ་བདེ་བ་ཆེན་པོར་དྲོངས། །

 

འཁྲུལ་བའི་སྣང་བར་ཨ་འཐས་པའི། །

བར་དོའི་འཇིགས་སྐྲག་ཤར་བ་ན། །

མདུན་བསུས་རྒྱབ་སྐྱོར་མཐའ་ནས་བརྟེན། །

འཁྲུལ་པ་ཐམས་ཅད་རང་སར་སྐྱོངས། །

 

བར་དོར་གྲོལ་བར་མ་གྱུར་ན། །

སྤྲུལ་པའི་ཞིང་ཁམས་སྣ་ཚོགས་སུ། །

པདྨའི་སྡོང་པོ་ལས་སྐྱེས་ཏེ། །

མཚན་དང་ལྡན་པའི་ལུས་ཐོབ་ཤོག །

 

སྤྱན་དང་མངོན་ཤེས་གཟུངས་སྤོབས་སོགས། །

ཏིང་འཛིན་སྒོ་བརྒྱ་མཐའ་ཡས་པས། །

བདག་རྒྱུད་ལྷག་པར་ཕྱུག་པ་དང་། །

འཕྲིན་ལས་རྣམ་བཞིར་དབང་འབྱོར་ཤོག །

 

འབྱུང་བཞིའི་གནོད་པས་མི་བརྫི་ཞིང་། །

འཆི་མེད་རྡོ་རྗེའི་སྐུ་གྲུབ་སྟེ། །

རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱི། །

སྨིན་གྲོལ་ས་ལམ་མཐར་ཕྱིན་ཤོག །

 

མདོར་ན་གནས་སྐབས་ཐམས་ཅད་དུ། །

རང་དང་གཞན་གྱི་དོན་གང་ཡིན། །

ཐམས་ཅད་མཁའ་འགྲོ་རྒྱ་མཚོ་ཡིས། །

གཡེལ་མེད་བསྒྲུབ་པར་བྱིན་གྱིས་རློབས། །

 

དུས་གསུམ་བསགས་པའི་དགེ་ཚོགས་དང་། །

ཁྱད་པར་རྩ་གསུམ་ལྷ་ཚོགས་ཀྱི། །

ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི། །

བདེན་མཐུས་སྨོན་ལམ་མྱུར་འགྲུབ་ཤོག །

 

ཆོས་ཉིད་བསམ་གྱིས་མི་ཁྱབ་ཀྱང་། །

ཆོས་ཅན་རྟེན་འབྲེལ་མི་སླུ་བས། །

བདེན་པ་འགྱུར་བ་མེད་པ་དེས། །

ཅི་བཏབ་སྨོན་ལམ་འགྲུབ་པར་ཤོག །

 

ཅེས་གནས་གསུམ་གྱི་མཁའ་འགྲོ་རྒྱ་མཚོ་ཐམས་ཅད་དབང་མེད་དུ་འགུག་པར་བྱེད་པའི་སྨོན་ལམ་འཕྲུལ་གྱི་ཞགས་པ་ཞེས་བྱ་བ་འདི་ཉིད་ནི་མཁའ་ཁྱབ་ཀྱི་མཁའ་འགྲོ་རྒྱ་མཚོར་གཅིག་ཏུ་མོས་པ་འཕྲིན་ལས་བློ་གསལ་གྱིས་ནན་ཏན་ཆེན་པོས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ་ངེས་མེད་ཀུན་ཏུ་སྤྱོད་པའི་རྣལ་འབྱོར་པ་ཆགས་པ་རྡོ་རྗེས་འོག་མིན་སྤྲུལ་པའི་ཞིང་མཆོག་པདྨོ་བཀོད་ཀྱི་སྐུ་འཁོར་གྱི་ཆ་ལས་འཁོར་ལོ་ལྔའི་ནང་ཚན་སྙིང་ག་ཆོས་ཀྱི་འཁོར་ལོའི་ཆར་གཏོགས་པ་ཀློ་ཁུག་ཚོགས་ཀྱི་བདག་པོའི་ཕོ་བྲང་གི་ཉེ་འདབས་བདུད་འདུལ་བདེ་བ་ཆེན་པོའི་སྒར་དུ་སྤེལ་བ་བདེ་ལེགས་སུ་གྱུར་ཅིག །