Wish-Fulfilling Jewel Homage—Tibetan
༄༅། །ཕྱག་འཚལ་ཡིད་བཞིན་ནོར་བུ་བཞུགས་སོ། །
ཨོཾ་ཨཱཿཧཱུྃ།
ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་རྡོ་རྗེ་རྩེ་མོའི་ངོ་བོ་ལས་ལྷུན་གྱིས་གྲུབ་པ་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་ལ།
ཁམས་གསུམ་གྱི་བླ་མ་རིན་པོ་ཆེ་ཀུ་མ་རཱ་ཛའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །
མཆོད་དོ། །སྐྱབས་སུ་མཆིའོ། །
བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།
ངོ་བོ་བརྗོད་འདས་ཆོས་སྐུའི་ངང༌། །
རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས། །
ཐུགས་རྗེ་ལྷུན་གྲུབ་སྤྲུལ་པའི་སྐུ། །
བླ་མ་ཀུན་ལ་ཕྱག་འཚལ་ལོ། །
ཤིན་ཏུ་སྐྱེ་མེད་ཆོས་ཉིད་ཀློང༌། །
གདོད་མའི་མགོན་པོ་ཡོན་ཏན་རྫོགས། །
སངས་རྒྱས་ཀུན་གྱི་མེས་ཆེན་པོ། །
ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ། །
རང་བཞིན་ལྷུན་གྲུབ་འོད་གསལ་ཞིང༌། །
གསལ་སྟོང་དབྱེར་མེད་ཞི་ཁྲོའི་སྐུ། །
ཀུན་བཟང་ཀློང་ལས་རང་ཤར་བའི། །
དམ་པ་རིགས་བརྒྱ་ལ་ཕྱག་འཚལ། །
ཤིན་ཏུ་རྣམ་དག་གཉུག་མའི་ཀློང༌། །
ཡོན་ཏན་ལྷུན་རྫོགས་འོད་གསལ་སྐུ། །
རང་བཞིན་ལྷུན་གྲུབ་རྫོགས་སངས་རྒྱས། །
རྡོ་རྗེ་འཆང་ཆེན་ལ་ཕྱག་འཚལ། །
ཤིན་ཏུ་སྐྱེ་མེད་ནམ་མཁའི་ངང༌། །
ཡེ་ཤེས་ཡོན་ཏན་ཁྱབ་གདལ་ཆེ། །
གསལ་སྟོང་འོད་གསལ་སྒྱུ་མའི་སྐུ། །
རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །
སངས་རྒྱས་ཀུན་དང་དབྱེར་མེད་ཅིང༌། །
ཡོན་ཏན་ལྷུན་རྫོགས་རྡོ་རྗེ་འཛིན། །
རྒྱུད་ཀུན་སྡུད་མཛད་གསང་སྔགས་འཆང༌། །
ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ། །
རྒྱལ་བའི་ཐུགས་རྗེ་ལྷུན་གྲུབ་ལས། །
རང་བྱུང་རིག་འཛིན་ཀུན་གྱི་གཙོ། །
དན་ཏིག་ཆུ་བོར་འཇའ་བཞིན་ཡལ། །
དགའ་རབ་རྡོ་རྗེ་ལ་ཕྱག་འཚལ། །
རང་བཞིན་ལྷུན་རྫོགས་ཀུན་བཟང་ངང༌། །
ཤིན་ཏུ་མཉམ་བཞག་གསལ་སྟོང་རྒྱས། །
སོ་ས་གླིང་དུ་འོད་དུ་ཡལ། །
འཇམ་དཔལ་བཤེས་གཉེན་ལ་ཕྱག་འཚལ། །
ལྷུན་རྫོགས་ཆོས་སྐུར་རྣམ་སངས་རྒྱས། །
གསལ་སྟོང་དབྱེར་མེད་ཡོན་ཏན་རྫོགས། །
བསིལ་སྦྱིན་མཁའ་ལ་འོད་སྐུར་ཡལ། །
ཤྲཱི་སིང་ཧ་ལ་ཕྱག་འཚལ། །
གཉུག་མའི་ཀློང་ལས་ཡོན་ཏན་རྫོགས། །
གཟུང་འཛིན་རང་གྲོལ་མཉམ་པ་ཉིད། །
བྷ་སིང་ནགས་སུ་འོད་དུ་ཡལ། །
ཛྙཱ་ན་སཱུ་ཏྲ་ལ་ཕྱག་འཚལ། །
གདོད་མའི་ངང་དུ་རང་སར་གྲོལ། །
ཐུགས་རྗེ་ལྷུན་གྲུབ་འགྲོ་བའི་དཔལ། །
རིག་པ་འཛིན་པ་ཀུན་གྱི་རྗེ། །
བི་མ་མི་ཏྲ་ལ་ཕྱག་འཚལ། །
སྐལ་བཟང་འདྲེན་པ་སྟོང་གི་བར། །
གཞན་དོན་འཕོ་བ་ཆེན་པོའི་སྐུ། །
རི་བོ་རྩེ་ལྔར་རྟག་ཏུ་བཞུགས། །
བི་མ་མི་ཏྲ་ལ་ཕྱག་འཚལ། །
མཁྱེན་བརྩེའི་ཕྲིན་ལས་ལྷུན་གྲུབ་གྱིས། །
འགྲོ་བའི་དོན་རྣམས་རྫོགས་མཛད་ཅིང༌། །
ཟག་མེད་ལྷུན་རྫོགས་རྡོ་རྗེའི་སྐུ། །
དྲི་མེད་བཤེས་གཉེན་ལ་ཕྱག་འཚལ། །
བླང་དོར་མེད་པ་ཆོས་སྐུའི་ཀློང༌། །
འོད་སྐུར་ཡོན་ཏན་ལྷུན་རྫོགས་ཤིང༌། །
གང་ཤར་རང་གྲོལ་འཛིན་པ་མེད། །
ཏིང་འཛིན་བཟང་པོ་ལ་ཕྱག་འཚལ། །
ཚོགས་གཉིས་རྒྱ་མཚོ་ལས་གྲུབ་ཅིང༌། །
འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་མཆོག །
གངས་ཅན་དམ་ཆོས་རྒྱས་མཛད་པའི། །
ཆོས་རྒྱལ་མཆོག་ལ་ཕྱག་འཚལ་ལོ། །
འཛིན་མེད་རང་གྲོལ་གཉུག་མའི་ངང༌། །
འོད་གསལ་ལྷུན་གྲུབ་དབྱིངས་དང་འདྲེས། །
མ་འགགས་རོལ་པས་གཞན་དོན་མཛད། །
ལྡང་མ་ལྷུན་རྒྱལ་ལ་ཕྱག་འཚལ། །
སངས་རྒྱས་ཀུན་དང་རྣམ་དབྱེར་མེད། །
ཡོན་ཏན་ལྷུན་རྫོགས་གསལ་སྟོང་རྒྱས། །
འོད་ལུས་གྲུབ་ནས་མཁའ་ལ་ཡལ། །
སེང་གེ་དབང་ཕྱུག་ལ་ཕྱག་འཚལ། །
རྟོག་པ་ཉོན་མོངས་རང་སར་གྲོལ། །
ཐུགས་རྗེས་གཞན་དོན་ལྷུན་གྱིས་གྲུབ། །
རང་བྱུང་ཟང་ཐལ་ཀློང་ཡངས་ཤར། །
རྒྱལ་བ་ཞང་སྟོན་ལ་ཕྱག་འཚལ། །
རང་བཞིན་ལྷུན་རྫོགས་རོལ་པའི་ངང༌། །
ཀུན་བཟང་དགོངས་པ་མཐར་ཕྱིན་ཞིང༌། །
ཤེས་བྱ་ཀུན་ལ་ཐོགས་པ་མེད། །
མཁས་པ་ཉི་འབུམ་ལ་ཕྱག་འཚལ། །
རང་བཞིན་གཉུག་མ་གདལ་བའི་ཀློང༌། །
གཟུང་འཛིན་རང་གྲོལ་ཆོས་སྐུའི་ངང༌། །
གསལ་སྟོང་འཛིན་མེད་ངོ་བོ་ཉིད། །
གུ་རུ་ཇོ་འབེར་ལ་ཕྱག་འཚལ། །
གཉིས་འཛིན་འཁྲུལ་པ་རང་སར་ཞིག །
སྤང་བླང་རེ་དོགས་དབྱིངས་སུ་གྲོལ། །
འགྱུར་མེད་སྙིང་པོའི་ཀློང་དུ་རྫོགས། །
སེང་གེ་རྒྱབ་པ་ལ་ཕྱག་འཚལ། །
ལྷུན་རྫོགས་རོལ་པ་ཀུན་བཟང་ངང༌། །
ཐམས་ཅད་རང་གྲོལ་འོད་གསལ་ཤར། །
དཔེ་མེད་ནམ་མཁའི་རྣལ་འབྱོར་པ། །
མེ་ལོང་མཚན་ཅན་ལ་ཕྱག་འཚལ། །
སངས་རྒྱས་ཀུན་དངོས་ཆོས་སྐུའི་ཀློང༌། །
ཟག་མེད་རང་གྲོལ་དགེ་འདུན་ཆེ། །
དུས་གསུམ་འཕོ་འགྱུར་མེད་པའི་ངང༌། །
ཀུ་མ་རཱ་ཛ་ལ་ཕྱག་འཚལ། །
གདོད་མའི་ཆོས་དབྱིངས་ཀུན་ཏུ་བཟང༌། །
ལྷུན་མཉམ་ངང་ལས་མི་གཡོ་ཞིང༌། །
མཁྱེན་བརྩེའི་ཕྲིན་ལས་བསམ་ཡས་བརྙེས། །
དྲི་མེད་འོད་ཟེར་ལ་ཕྱག་འཚལ། །
ངོ་བོ་བརྗོད་འདས་ནམ་མཁའ་ཀློང༌། །
རང་བཞིན་འོད་གསལ་མཉམ་སྦྱོར་ཞིང༌། །
ཐུགས་རྗེ་འགྲོ་ཀུན་ཡོངས་ལ་ཁྱབ། །
སྐྱབས་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །
སྙིང་པོའི་ཀློང་དུ་ཡེ་ནས་གྲོལ། །
གསལ་སྣང་ཞིང་ཁམས་ཆེན་པོར་རྒྱས། །
ཐམས་ཅད་མཉམ་སྦྱོར་ནམ་མཁའི་ངང༌། །
དཔེ་བྲལ་ཁྱེད་ལ་ཕྱག་འཚལ་ལོ། །
ཡེ་ནས་ཀུན་བཟང་རོལ་པའི་ངང༌། །
ཁྱེད་ནི་རྟག་ཏུ་མཉམ་བཞག་ཀྱང༌། །
ནོར་བུ་ཇི་བཞིན་གཞན་དོན་མཛད། །
ཡིད་བཞིན་ཁྱེད་ལ་ཕྱག་འཚལ་ལོ། །
ཏིང་འཛིན་དང་ནི་མངོན་ཤེས་ཀྱིས། །
གདུལ་བྱ་འཇིག་རྟེན་མ་ལུས་ཀུན། །
གདོད་མའི་ཀློང་དུ་འཁྲིད་མཛད་པའི། །
དེད་དཔོན་ཁྱེད་ལ་ཕྱག་འཚལ་ལོ། །
འཁོར་བར་མགོན་མེད་རབ་འཁྱམས་ཤིང༌། །
སྡུག་བསྔལ་རྒྱ་མཚོའི་ཀློང་ཡངས་ལས། །
སྒྲོལ་བར་མཛད་པའི་གྲུ་བོ་ཆེ། །
བརྩེ་ཆེན་ཁྱེད་ལ་ཕྱག་འཚལ་ལོ། །
ལས་དང་ཉོན་མོངས་འཁྲུལ་འཁོར་གྱིས། །
ཡུན་རིང་སྲིད་པར་འདུག་པ་ལ། །
སྤངས་གཉེན་རང་གྲོལ་མངོན་སུམ་ལམ། །
སྟོན་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །
གང་ཞིག་མཐོང་བས་རབ་དད་ཅིང༌། །
ཐོས་པས་ཐེ་ཚོམ་དྲ་བ་གཅོད། །
རེག་པས་བྱིན་རླབས་དངོས་གྲུབ་འབྱུང༌། །
མཚུངས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །
གང་ཞིག་ཁྱོད་སྐུ་མཐོང་བ་དང༌། །
ཁྱོད་གསུང་ཐོས་དང་འཛིན་པ་ཡི། །
འགྲོ་བ་དེ་དག་ཀུན་ལ་ཡང༌། །
རྟག་ཏུ་བདག་ནི་ཕྱག་འཚལ་ལོ། །
དེ་བཞིན་ཕྱོགས་བཅུའི་སངས་རྒྱས་དང༌། །
ཆོས་དང་བྱང་ཆུབ་སེམས་དཔའི་ཚོགས། །
ཉན་ཐོས་རང་སངས་རྒྱས་ཀུན་ལའང༌། །
རྟག་ཏུ་གུས་པས་ཕྱག་འཚལ་ལོ། །
འཇིག་རྟེན་རྒྱ་མཚོའི་ཀློང་ཡངས་ནས། །
མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །
མཁའ་དང་མཉམ་པ་ཇི་སྙེད་ཀྱིས། །
བླ་མའི་ཚོགས་དང་དཀོན་མཆོག་མཆོད། །
དེ་བཞིན་དངོས་དང་ཡིད་ལས་སྐྱེས། །
བླ་ན་ཡོད་མེད་མཆོད་པའི་སྤྲིན། །
ལུས་དང་ལོངས་སྤྱོད་ལ་སོགས་ཀྱིས། །
མཆོད་འོས་ཀུན་ལ་མཆོད་པར་བགྱི། །
ཐམས་ཅད་ཀུན་བཟང་རོལ་པའི་ངང༌། །
མཆོད་པར་མི་འོས་གང་ཡང་མེད། །
སྣང་སྟོང་མཆོད་སྤྲིན་རོལ་པ་ཡིས། །
ཀུན་ལ་དེ་བཞིན་མཆོད་པར་བགྱི། །
ཐོག་མ་མེད་ནས་ལུས་དང་ངག །
ཡིད་ཀྱིས་སྡིག་པའི་ལས་བགྱིས་པ། །
དེ་ཀུན་རབ་ཏུ་འགྱོད་སེམས་ཀྱིས། །
མཆོད་འོས་ཀུན་གྱི་སྤྱན་སྔར་བཤགས། །
དྲི་མ་གློ་བུར་དང་ལྡན་ཞིང༌། །
ཡོན་ཏན་ཡེ་ནས་རྫོགས་པའི་ངང༌། །
འཁྲུལ་བའི་བག་ཆགས་ཅི་མཆིས་པ། །
ཐམས་ཅད་ཀུན་བཟང་རོལ་པར་བཤགས། །
ཡེ་ནས་གྲོལ་བའི་དེ་བཞིན་ཉིད། །
སྤང་བླང་རེ་དོགས་མེད་པའི་ངང༌། །
ཆོས་ཀུན་བསམ་བརྗོད་མེད་པའི་དབྱིངས། །
རང་བཞིན་གདོད་མའི་ཀློང་དུ་བཤགས། །
བླ་ན་ཡོད་མེད་དགེ་བའི་ཚོགས། །
བགྱིད་དང་བགྱིད་སྩལ་བགྱིས་པ་ལའང༌། །
དགའ་བས་རྗེས་སུ་ཡི་རང་ཞིང༌། །
རང་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར། །
ཀུན་ཀྱང་ཡེ་ནས་སྐྱེ་ཤི་མེད། །
འདུ་འབྲལ་མེད་པའི་ཀློང་ཡངས་ལ། །
མྱ་ངན་མི་འདའ་རྟག་པར་ཡང༌། །
སྒྱུ་མ་ཙམ་དུ་གསོལ་བ་འདེབས། །
གདོད་ནས་ཁྱབ་བདག་རོལ་པ་ཆེ། །
རང་གྲོལ་ཀུན་བཟང་ཆོས་སྐུ་ཡི། །
འགྲོ་ཀུན་མ་སྤངས་རང་གྲོལ་དུ། །
དགེ་བ་གཉུག་མར་བསྔོ་བར་བགྱི། །
དེང་ནས་བྱང་ཆུབ་སྙིང་པོའི་བར། །
འགྲོ་བའི་ཁམས་ཀུན་རྣམ་གྲོལ་ཕྱིར། །
སྨོན་ལམ་རྒྱ་མཚོའི་ཀློང་ཡང་འདེབས། །
མ་སྤངས་དབྱིངས་སུ་གྲོལ་བར་ཤོག །
ཚུལ་ཁྲིམས་ནམ་མཁའི་རང་བཞིན་ལ། །
བློ་གྲོས་འོད་གསལ་ཉི་ཟླ་ཡིས། །
འགྲོ་བའི་མུན་པ་རབ་སེལ་ཞིང༌། །
གདོད་མའི་ཀློང་དུ་གྲོལ་བར་ཤོག །
སེམས་ཅན་ཇི་སྲིད་གནས་ཀྱི་བར། །
འགྲོ་བ་ཕན་པའི་ཡིད་བཞིན་དུ། །
བདག་ནི་དེང་ནས་གནས་གྱུར་ཏེ། །
སྐུ་གསུམ་འབྲས་བུ་ཐོབ་པར་ཤོག །
གང་སྣང་མི་སྤོང་མི་སྒྲུབ་ཅིང༌། །
རང་གྲོལ་གཉུག་མ་ཆོས་ཀྱི་སྐུ། །
གང་ཤར་དོན་ལས་མ་འདས་པའི། །
ལྷག་མཐོང་ཡེ་ཤེས་ཐོབ་གྱུར་ཅིག །
འཁོར་དང་མྱ་ངན་འདས་པའི་ཆོས། །
རོ་མཉམ་རྟོགས་པའི་གདེང་ཆེན་གྱིས། །
གང་ཡང་མི་སྤོང་མི་སྒྲུབ་ཅིང༌། །
གཉུག་མའི་རང་བཞིན་རྫོགས་པ་ཆེ། །
བྱར་མེད་ཀློང་ཏུ་རྫོགས་པར་ཤོག །
དབང་པོའི་སྐལ་པ་ཇི་བཞིན་དུ། །
ཚེ་འདི་ཉིད་དམ་བར་དོ་རུ། །
སྐྱེ་བ་གཞན་དུ་གོམས་བྱས་ཏེ། །
སྐུ་དང་ཡེ་ཤེས་འགྲུབ་པར་ཤོག །
རྣམ་སྨིན་འབྱུང་བའི་ལུས་འདི་ཡང༌། །
རང་མདངས་འོད་ཀྱི་རང་བཞིན་སྐུ། །
ཕུང་པོ་ལྷག་མེད་འགྲུབ་གྱུར་ནས། །
འགྲོ་བའི་དོན་ཀུན་འགྲུབ་པར་ཤོག །
ཀུན་བཟང་ཆོས་སྐུའི་ངོ་བོ་ཉིད། །
ཡོན་ཏན་ལྷུན་རྫོགས་དངོས་གྲུབ་གཏེར། །
དཔལ་ལྡན་བླ་མའི་ཚོགས་རྣམས་ཀྱིས། །
རྟག་ཏུ་བདག་ནི་སྐྱོང་བར་ཤོག །
ཨེ་མ་གང་ཡང་མ་གྲུབ་ལ། །
གང་དུ་འང་ནི་མི་གནས་ཤིང༌། །
གང་གིས་ཀྱང་ནི་མ་གཡོས་པ། །
དོན་དམ་བདེན་པ་མཐོང་བར་ཤོག །
ཆོས་རྣམས་རང་བཞིན་མ་སྐྱེས་པ། །
གདོད་ནས་མྱ་ངན་འདས་པ་ཡིས། །
ཡེ་ནས་འོད་གསལ་ཆོས་ཀྱི་སྐུ། །
རང་བྱུང་ཡེ་ཤེས་རྟོགས་པར་ཤོག །
དེ་ལྟར་བླ་མའི་ཚོགས་རྣམས་ལ། །
དད་པས་དགེ་བསགས་དངོས་ཀུན་གྱིས། །
འགྲོ་ཀུན་རང་གྲོལ་གཉུག་མའི་ངང༌། །
ཀུན་བཟང་ཀློང་དུ་རྫོགས་པར་ཤོག །
དེང་ནས་བདག་དང་འགྲོ་བ་ཀུན། །
སེམས་དང་སེམས་ཉིད་ཀུན་བཟང་ཀློང༌། །
གདོད་མའི་ངང་དུ་རབ་རྫོགས་ནས། །
འགྲོ་བའི་དོན་ཀུན་འགྲུབ་པར་ཤོག །
བླ་མ་བརྒྱུད་པའི་རིམ་པ་རྣམས་ལ་གསོལ་བ་འདེབས་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང༌། ལུང་དང༌། རིག་པ་དང༌། མན་ངག་གི་དོན་ལ་བློ་གྲོས་ཀྱི་སྣང་བ་གོང་དུ་འཕེལ་བའི་ཆོས་སྨྲ་བ། དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཆིམས་ཕུ་དཔལ་གྱི་དབེན་གནས་སུ་བཀོད་པའོ། །དགེའོ། །དགེའོ། །དགེའོ།། །།