བླ་མ་འཇིགས་མེད་རྣམ་རྒྱལ་གྱི་ཞབས་བརྟན་གསོལ་འདེབས།
༄༅། །བླ་མ་འཇིགས་མེད་རྣམ་རྒྱལ་གྱི་ཞབས་བརྟན་གསོལ་འདེབས།
ཨོཾ་སྭསྟི།
ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །
སྐྱབས་གནས་ཀུན་བསྡུས་ཨོ་རྒྱན་རྡོ་རྗེ་འཆང་། །
རྒྱལ་བ་ཡབ་ཡུམ་ལྷ་ལྕམ་མནྡ་རས། །
ཡེ་ཤེས་དགོངས་པའི་བྱིན་ཆར་རྟག་ཏུ་ཕོབས། །
འཇིགས་མེད་རྟུལ་ཞུགས་གྲུབ་པའི་དཔའ་བོ་ཆེ། །
རྒྱུད་ལུང་མན་ངག་གསུམ་གྱིས་སྐལ་ལྡན་ཀུན།
སྲིད་ལས་རྣམ་གྲོལ་ཀུན་བཟང་རྒྱལ་སྲིད་ལ། །
འདྲེན་མཛད་བཤེས་གཉེན་དབང་པོ་ཞབས་བརྟན་གསོལ། །
རྩ་གསུམ་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །
མི་མཐུན་བར་ཆད་ཚོགས་ཀུན་དབྱིངས་སུ་ཞི། །
དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །
ཐུབ་བསྟན་སྣང་བས་འཇིག་རྟེན་མཛེས་གྱུར་ཅིག །
ཅེས་པའང་མཁན་པོ་བསྟན་འཛིན་ཆོས་གྲགས་ཀྱིས་བསྐུལ་མ་མཛད་པ་བཞིན་ནམ་སྙིང་བདུན་པ་བསྟན་པའི་རྒྱལ་མཚན་གྱིས་ཆུ་ཡོས་ཟླ་བ་༡༡ཚེས་༡༠ཉིན་གནས་མཆོག་མ་རཱ་ཏི་ཀར་བྲིས་ཞིང་སྨོན་པའོ།།
