Vast Clouds of Samantabhadra’s Display—Tibetan

Practices › Bodhicitta | Collections & Cycles › Chokling Tersar | བོད་ཀྱི་བླ་མ།གནས་བརྟན་མཆོག་གླིང་ངེས་དོན་གྲུབ་པའི་རྡོ་རྗེ།

English | བོད་ཡིག

གནས་བརྟན་མཆོག་གླིང་ངེས་དོན་གྲུབ་པའི་རྡོ་རྗེ།

Buddha and the Eight Great Bodhisattvas

Further information:
Download this text:

༄༅། །ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་ཆོས་སྡེ་ལས། སྟོན་པ་ཉེ་སྲས་འཁོར་བཅས་དགྱེས་པ་བསྐྱེད་པའི་མཆོད་ཆོག་ཀུན་བཟང་རྣམ་པར་རོལ་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ

རྒྱལ་བ་ཀུན་དངོས་རྣམ་འདྲེན་ཉི་མའི་གཉེན། །
རྒྱལ་བ་ཀུན་གྱི་ཉེ་སྲས་སེམས་དཔའ་བརྒྱད། །
རྒྱལ་ཚབ་དམ་པ་པདྨ་སཾ་བྷ་ཝ། །
རྒྱལ་བ་སྲས་བཅས་རྒྱ་མཚོའི་ཞབས་ལ་འདུད། །

སྲིད་ཞིའི་མཐའ་ལ་མི་གནས་པར། །
བྱང་ཆུབ་སྙིང་པོའི་རྒྱལ་ཐབས་སུ། །
ཉེ་བར་བགྲོད་པའི་ལམ་པོ་ཆེ། །
ཆོ་གའི་རིམ་པ་གསལ་བར་བྱ། །

དེ་ལ་འདིར་བློ་ལྡན་གང་ཞིག་ཕན་བདེ་མ་ལུས་པའི་འབྱུང་གནས། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་དམ་པ་དོན་དུ་གཉེར་བས། གང་མེད་དུ་མི་རུང་བའི་རྒྱུའི་གཙོ་བོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རིམ་པ་ཉིད་ཡིན་ལ། དེ་ཉིད་རང་རྒྱུད་ལ་བསྐྱེད་པ་དང་མི་ཉམས་པ་དང་ཡོངས་སུ་འཕེལ་བའི་ཐབས་ཁྱད་པར་ཅན་ནི་བསགས་སྦྱངས་སྤེལ་གསུམ་གྱི་རྐྱེན་ལ་རག་ལས་པས།

དེ་དག་གི་ཡུལ་ནི་རྒྱལ་བའི་གསུང་རབ་ཇི་སྙེད་པ་ལས་གཅིག་ཏུ་བསྔགས་པའི་རྒྱལ་བའི་ཉེ་བའི་སྲས་ཆེན་པོ་རྣམས་ཏེ། འདི་དག་གི་ཐུགས་རྗེའི་མཐུ་བྱིན་ཁོ་ན་ལ་བརྟེན་ནས་འགྲོ་བ་མ་ལུས་པ་བྱང་ཆུབ་སྙིང་པོར་འཇུག་པར་འགྱུར་བས། བདག་ཅག་ཐེག་པ་ཆེན་པོའི་རྗེས་སུ་འཇུག་པ་རྣམས་ཀྱིས་ཅི་ནས་བསྒྲུབ་པར་བྱ་བའི་གནས་ཡིན་པས་ཚུལ་འདི་བགྱི་བ་ལ་གཉིས།

རྟེན་དང་མཆོད་ཚོགས་འདུ་བྱ་བ། ཉམས་ལེན་ཆོ་གའི་རིམ་པའོ། །

 

དང་པོ་ནི།

གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱག་དར་དང་སྐྱང་ནུལ་ལེགས་པར་བསྟར། སྟེང་དུ་བླ་བྲེ་ཕུབ་པའི་གུང་གི་ཆར་དཀོན་མཆོག་གི་རྟེན་ཅི་རིགས་བཀྲམ་པའི་མདུན་ཕྱོགས་སྟེགས་བུ་གྲུ་བཞི་པར་བ་བྱུང་དང་དྲི་བཟང་བྱུགས་པའི་སྟེང་། རིན་པོ་ཆེའི་མཎྜལ་སྤྲོ་ན་དགུའམ་བསྡུ་ན་ཆེ་བ་ཞིག་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བ་དང་འདབ་མར་མེ་ཏོག་གི་ཚོམ་བུ་རེ་དགོད།

སྟོན་པ་ཉེ་སྲས་རྣམས་ཀྱི་སྐུ་བརྙན་བྲིས་འབུར་ཅི་འབྱོར་བཞུགས་པའི་ཕྱོགས་མཚམས་སུ་འཕན་གདུགས་རྒྱལ་མཚན་མཐའ་བསྐོར་དུ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམས་ཀྱི་བཀོད་པ་དང་།

རྒྱས་པར་སྤྱི་མཆོད་མེ་ཏོག་ལ་སོགས་པ་རེ་རེ་ནས་བརྒྱ་རྩ་དང་། སྒོས་མཆོད་མཎྜལ་དགུ་ལ་ཉེར་སྤྱོད་ཆ་དགུ་བཤམས་པ་འམ། འབྲིང་དུ་བྱེད་ན་སྤྱི་མཆོད་མེད་པའི་སྒོས་མཆོད་ཙམ་དང་། བསྡུ་ན་མཐའ་བསྐོར་དུ་མཆོད་པ་ཆ་གཅིག་ཙམ་བཤམས་ལ་སྐབས་སྐབས་སུ་ཁ་གསོས་པས་ཀྱང་རུང་།

གང་ལྟར་མདུན་དུ་མཆོད་ཡོན་དང་ཞབས་བསིལ་གྱི་སྣོད། བཤོས་ཟླུམ་རྒྱན་ལྡན་དཀར་མངར་བཟའ་བཅའི་རིགས་དང་བཅས་པ། བུམ་པ་བཅུད་ལྡན་མེ་ལོང་སྐུ་ཕྱི་ན་བཟའ་བཅས་ཁྲུས་ཆས། མཆོད་པའི་མཎྜལ་དང་འཐོར་ནས་རོལ་མོའི་བྱེ་བྲག་རྣམས་ཀྱང་འདུ་བྱའོ། །

 

གཉིས་པ་ཉམས་ལེན་ཆོ་གའི་རིམ་པ་ལ་གསུམ།

རྣམ་པར་དག་པའི་སྦྱོར་བ། བསགས་སྦྱོང་སྤེལ་གསུམ་གྱི་དངོས་གཞི། ཆོ་ག་བྱས་པའི་རྗེས་ཀྱི་བྱ་བའོ། །

 

དང་པོ་ལ་གཉིས།

བསམ་སྦྱོར་རྣམ་པར་དག་པར་བྱ་བ་དང་། སྣོད་བཅུད་རྣམ་པར་དག་པར་བྱ་བའོ། །

 

དང་པོ་ལ་བཞི།

ངེས་འབྱུང་གི་རྒྱུད་བསྐུལ་བ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་རྗེས་སུ་དྲན་པའོ། །

དང་པོ་ནི།

ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ཏེ། རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་དམིགས་ཏེ་ཕྱག་འཚལ་བའི་གཟུངས་བརྗོད་ལ་ཕྱག་ལན་གསུམ་བྱ།

ཨོཾ་ན་མོ་མཉྫུ་ཤྲི་ཡེ་སྭཱཧཱ། ན་མོ་སུ་ཤྲི་ཡེ་སྭཱཧཱ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱཧཱ།

འགྲུབ་ན་ཐེག་ཆེན་གྱི་གསོ་སྦྱོང་བླངས་ལ་ཚུལ་ཁྲིམས་རྣམ་དག་གི་གཟུངས་བཟླ།

ཨོཾ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷཱུ་ཥི་ཏེ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱཧཱ།

གང་ལྟར་ཡང་ཐུན་མོང་གི་སྔོན་འགྲོས་བློ་སྦྱངས་པ་ལ།

 

ཨེ་མ་ཧོཿ བླ་མ་དཀོན་མཆོག་སངས་རྒྱས་བྱང་སེམས་ཚོགས༔

ཐུགས་རྗེ་ཆེ་རྣམས་བདག་ལ་དགོངས་སུ་གསོལ༔

རྒྱུ་རྐྱེན་གང་ནས་དལ་འབྱོར་རྙེད་དཀའ་ཞིང༔

བསྐལ་པ་སྟོང་དུ་མི་ལུས་ལན་འགའ་ཙམ༔

མི་ལུས་དོན་ལྡན་འབྱུང་བར་བྱིན་གྱིས་རློབས༔

འདི་ཡང་མི་རྟག་ནམ་མཁའི་གློག་དང་མཚུངས༔

དེ་རིང་ཙམ་ཡང་མི་འཆིའི་གདེང་མེད་པས༔

ཕྱི་བཤོལ་བློ་སྣ་ཐུང་བར་བྱིན་གྱིས་རློབས༔

དཀར་ནག་ལས་འབྲས་ཞིང་གི་ས་བོན་འདྲ༔

ནམ་མཁའ་དངོས་པོར་བྱུང་ཡང་བསླུ་བ་མེད༔

དགེ་སྡིག་སྤང་བླང་ཤེས་པར་བྱིན་གྱིས་རློབས༔

སྲིད་པའི་སྡུག་བསྔལ་རྒྱུན་རིང་བཟོད་གླགས་བྲལ༔

ཐར་མེད་བཙོན་རར་སླར་ཡང་འཇུག་པས་ཕུང་༔

འཁོར་བར་ཞེན་ལོག་འབྱུང་བར་བྱིན་གྱིས་རློབས༔

ཞེས་ཁ་ཙམ་མ་ཡིན་པས་སྐྱོ་བ་བསྐྱེད།

 

གཉིས་པ་ནི།

མདུན་གྱི་ནམ་མཁར་སྐྱབས་ཡུལ་ཐུབ་པའི་དབང་པོ་དཀོན་མཆོག་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་མོས་ཏེ།

ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔

བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔

བླ་མ་ཐུབ་པའི་དབང་པོ་དཀོན་མཆོག་གསུམ༔

ཉེ་བའི་སྲས་ཆེན་བརྒྱད་ལ་སྐྱབས་སུ་མཆི༔

 

གསུམ་པ་ནི།

བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔

སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔

སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔

སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔

འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང་༔

འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔

 

བཞི་པ་ནི།

མོས་གུས་ཆེན་པོས་རྗེས་སུ་དྲན་པས།

སྟོན་མཆོག་ཆོས་སྐུའི་བདག་ཉིད་སངས་རྒྱས་གཙོ༔

ཉེ་སྲས་བརྒྱད་དང་ཁྱད་པར་སྤྱན་རས་གཟིགས༔

སློབ་དཔོན་བརྒྱད་དང་ཁྱད་པར་ཀླུ་སྒྲུབ་ཆེ༔

བྱང་སེམས་བོ་དྷི་ས་ཏྭ་པདྨ་འབྱུང་༔

ནམ་སྙིང་བཻ་རོ་དྲི་མེད་ཟླ་ཤར་སོགས༔

སྔོན་རབས་བྱང་ཆུབ་སེམས་དཔར་གསོལ་བ་འདེབས༔

གྲངས་མེད་གོང་དང་ད་ལྟར་ཚོགས་བསགས་ཤིང་༔

གཞན་ཕན་སེམས་བསྐྱེད་ཆེན་པོས་བློ་སྦྱངས་ཏེ༔

ནམ་ཞིག་ཚེ་སྲོག་ལྟོས་མེད་འགྲོ་དོན་མཛད༔

མ་འོངས་འབྱུང་འགྱུར་རྣམས་ལ་གསོལ་བ་འདེབས༔

ཐུགས་རྗེ་ཆེ་དངོས་འགྲོ་འདུལ་མཆོག་གྱུར་གླིང་། །

འཇམ་དཔལ་དཔའ་བོ་མཁྱེན་བརྩེའི་དབང་པོ་མཆོག །

གསང་བའི་བདག་པོ་བློ་གྲོས་མཐའ་ཡས་སྡེ། །

རྨད་བྱུང་རྒྱལ་སྲས་གསུམ་ལ་གསོལ་བ་འདེབས། །

ཆོས་རྣམས་བདག་འཛིན་གཉེན་པོར་འགྲོ་བ་དང་། །

གཅེས་འཛིན་རང་ཞིག་གཞན་ཕན་རྒྱུད་ལ་སྐྱེ། །

བདག་བདེ་གཞན་ཐོབ་གཞན་སྡུག་བདག་ལ་སྨིན༔

སྐྱེ་འཆིར་མི་འཇིགས་གཞན་དོན་འབའ་ཞིག་གིས༔

ནམ་མཁའི་མཐའ་མཉམ་འགྲོ་རྣམས་འདྲེན་པར་ཤོག༔

ཅེས་གསོལ་བ་བཏབ་པས།

 

སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ།

 

གཉིས་པ་སྣོད་བཅུད་རྣམ་པར་དག་པར་བྱེད་པ་དང་མཆོད་རྫས་བྱིན་རླབས་ནི།

 

དྷརྨ་དྷཱ་ཏུ་ཨཱཿ

གནས་ཁང་འོག་མིན་པདྨོ་བཀོད་པའི་ཞིང་༔

མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཕོ་བྲང་དབུས༔

ཏྲཱྃ་ཡིག་ཡོངས་གྱུར་རྒྱན་གྱི་བྱེ་བྲག་དང་༔

ཧྲཱིཿལས་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོ༔

རྒྱུན་མི་འཆད་པ་ནམ་མཁའ་མཛོད་ཀྱི་གཏེར༔

འགྲོ་འདུལ་ལྷ་ཚོགས་དགྱེས་པ་སྐོང་བའི་རྫས༔

ཟག་མེད་བདེ་ཆེན་ཡེ་ཤེས་རོལ་པར་གྱུར༔

ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿ

ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་བིིདྱཱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ།

ༀ་བཛྲ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏཱ་ནཱ་ད་སམྦྷ་ཝི་ཏེ། བཛྲ་ཧྲྀ་ད་ཡ་ནི། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ།

ལན་གསུམ་གྱིས་གཟི་བྱིན་བསྐྱེད་ལ་རྒྱ་ཆེར་སྤེལ་ལོ། །

 

གཉིས་པ་དངོས་གཞི་ལ་གཉིས།

ཚོགས་ཞིང་སྤྱན་འདྲེན་ཡན་ལག་དང་བཅས་པ། ཚོགས་བསགས་པའི་རིམ་པའོ། །

དང་པོ་ལ་བཞི།

རྟེན་ཞིང་ཁམས་གསལ་བ། བརྟེན་པ་སྤྱན་དྲང་བ། བཞུགས་པའི་གདན་འབུལ་བ། བཀོད་པ་གསལ་གདབ་པའོ། །

དང་པོ་ནི།

འཁོར་ཡུག་ལག་མཐིལ་ལྟར་མཉམ་ཕུན་ཚོགས་བཀོད། །

དབུས་སུ་རིན་ཆེན་གཞལ་ཡས་ལྟ་ན་སྡུག༔

ནང་དུ་པདྨ་འདབ་བརྒྱད་གསེར་ལ༔

རིན་ཆེན་པདྨ་སེང་ཁྲི་ཟླ་གདན་སྟེང་༔

 

གཉིས་པ་སྙན་གསན་དབབ་ཅིང་སྤྱན་དྲངས་བ་ལ།

དད་གུས་ཆེན་པོའི་པུས་བཙུགས་ཐལ་མོ་སྦྱར་ཏེ་མེ་ཏོག་བཀྲམ། སྤོས་ཐོགས་ལ།

ཧཱུྃ༔ འཕགས་མཆོག་འགྲོ་མགོན་རྒྱལ་བ་རྣམས༔

གང་དག་ཞིང་དུ་བཞུགས་པ་དང་༔

འགྲོ་དོན་མཛད་རྣམས་མ་ལུས་པ༔

གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔

སྐུ་གསུམ་མཆོག་ལ་མངའ་བརྙེས་ཤིང་། །

འདས་དང་མ་བྱོན་ད་ལྟར་བཞུགས། །

གཞན་གྱི་དོན་ཕྱིར་ལམ་ལ་ཞུགས། །

ཉོན་མོངས་སྐྱོབ་པའི་ཚོགས་རྣམས་ཀུན། །

དད་པའི་ཤུགས་ཀྱིས་སྤྱན་འདྲེན་ན། །

ཐུགས་རྗེའི་སྟོབས་ཀྱིས་གཤེགས་སུ་གསོལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་བཛྲ་ས་མཱ་ཡ་ཛཿཚིག་རྐང་ཕྱི་མ་དྲུག་པོ་ཐར་ཆོག་ལས་འབྱུང་བའི་ཞལ་བསབ་པའོ། །མཆན།

ཞེས་སྤྱན་དྲངས།

 

གསུམ་པ་ནི།

བདག་ཅག་ལས་དང་བསོད་ནམས་ལྡན༔

མཆོད་ཡོན་བཞེས་ཕྱིར་གདན་ལ་བཞུགས༔

པདྨ་ཀ་མ་ལ་ཡ་སཏྭྃ༔

 

བཞི་པ་ནི།

དབུས་སུ་ཐུབ་དབང་གསེར་མདོག་མཚན་དཔེས་སྤྲས༔

ཆོས་གོས་གསུམ་ལྡན་ཆོས་འཆད་ཕྱག་རྒྱ་མཛད༔

ལྷུང་བཟེད་འཛིན་ཅིང་ཞབས་གཉིས་བཞེངས་སྟབས་བཞུགས༔

ཤར་དུ་བྱང་ཆུབ་སེམས་དཔའ་བྱམས་པ་དཀར༔

ལྷོ་རུ་མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས༔

ནུབ་ཏུ་འཕགས་མཆོག་སྤྱན་རས་གཟིགས་དམར་པོ༔

བྱང་དུ་མཐུ་སྟོབས་ལག་ན་རྡོ་རྗེ་ལྗང་༔

ཤར་ལྷོ་ལྷོ་ནུབ་ས་སྙིང་སྒྲིབ་སེལ་དཀར༔

ནུབ་བྱང་བྱང་ཤར་ནམ་སྙིང་ཀུན་བཟང་སེར༔

ཐམས་ཅད་ཞལ་འཛུམ་གཙོ་ལ་འདུན་པའི་ཚུལ༔

དར་དང་རིན་ཆེན་རྒྱན་ལྡན་བཞེངས་ཚུལ་ཅན༔

རང་རྟགས་མཚན་པའི་པདྨའི་སྡོང་པོ་ནི༔

འཛིན་ཏེ་གཡས་གཡོན་ཆོས་འཆད་སྐྱབས་སྦྱིན་མཛད༔

དེ་མཐར་བྱང་སེམས་ཡེ་ཤེས་ཆོས་སྐྱོང་ཚོགས༔

དཔག་མེད་ཏིལ་གང་ཁ་བྱེ་ལྟ་བུར་གསལ༔

ཞེས་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ་ཡང་ཡང་དམིགས་པས་གསལ་གདབ་བོ། །

 

གཉིས་པ་ཚོགས་བསགས་པའི་རིམ་པ་ལ་གསུམ།

ཕྱག་མཆོད་བསྟོད་པས་བསོད་ནམས་ཀྱི་ཚོགས་བསགས་པ། བྱང་ཆུབ་སེམས་བསྐྱེད་པས་ཡེ་ཤེས་ཀྱི་ཚོགས་བསགས་པ། ཐུགས་རྒྱུད་བསྐུལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའོ། །

དང་པོ་ལ་ལྔ།

ཕྱག་འཚལ་ཁྲུས་གསོལ། མཆོད་པ། མཎྜལ། བསྟོད་པའོ། །

དང་པོ་ནི།

གནས་ལྔ་ས་ལ་འདུད་པའི་ཕྱག་འཚལ་བཞིན་དུ།

ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མཿསཾགྷཱ་ཡཿ

ན་མོ༔ སྟོབས་བཅུ་མ་འདྲེས་ཆོས་མཆོག་བཅོ་བརྒྱད་དང་༔

མཚན་དང་དཔེ་བྱད་ཡོངས་མངའ་རྐང་གཉིས་གཙོ༔

སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔

མ་ནོར་ལམ་སྟོན་ཆགས་བྲལ་ལམ་གྱི་མཆོག༔

རྒྱལ་བའི་བཀའ་མཆོག་དྲི་མེད་རྡོ་རྗེའི་གསུང་༔

གསུང་རབ་དམ་ཆོས་རྣམས་ལ་ཕྱག་འཚལ་ལོ༔

གྲངས་མེད་ཚོགས་བསགས་ཚོགས་མཆོག་ཀུན་གྱི་ཞིང་༔

ཉོན་མོངས་དྲི་མས་རབ་དབེན་འཕགས་པའི་ཚོགས༔

འདྲེན་མཆོག་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ༔

བསྐལ་བཟང་ཉི་མ་བརྒྱ་ཕྲག་བཅུ་པོ་ལས། །

པད་དཀར་ལྟར་འཕགས་སྙིང་རྗེའི་སྟོབས་ཤུགས་འཆང་། །

སྙིགས་མའི་མགོན་པོ་རྨད་བྱུང་བཀའ་དྲིན་ཅན། །

ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །

འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །

ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །

ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །

ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །

ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །

བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །

རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །

བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །

 

གཉིས་པ་ནི།

ཕྱག་ལེན་མཐོང་རྒྱུད་ལྟར་བྱས་ལ།

ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །

ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །

རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །

མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །

 

ཇི་ལྟར་ཏོག་དཀར་ལྷ་ཡུལ་འཁྲུངས་པའི་ཚེ༔

ལྷ་ཡིས་ཁྲུས་གསོལ་བཞིན་དུ་བདག་ཅག་གིས༔

རིན་ཆེན་བུམ་པ་སྤོས་ཆུས་བཀང་བྱས་ཏེ༔

དག་པ་ཡི་ནི་དག་པའི་སྐུ་ཁྲུས་གསོལ༔

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔

དྲི་བཟང་སྦགས་པའི་གོས་ཀྱིས་སྐུ་ཕྱི་ཞིང་།

 

གཙང་ཞིང་མཛེས་པ་ལྷ་ཡི་གོས༔

བཟང་པོའི་དྲི་ངད་ལྡན་པ་འདིས༔

རྒྱལ་བའི་སྐུ་མཆོག་ཕྱིས་པ་ཡི༔

བདག་ཅག་སྒྲིབ་གཉིས་དག་གྱུར་ཅིག༔

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཛྙཱ་ན་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔

 

གོས་ཟུང་འབུལ་ཞིང་།

དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །

ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །

གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །

རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །

འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །

འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསཏྲ་ཨ་ལཾ་ཀཱ་ར་སྭཱཧཱ།

 

གསུམ་པ་ནི།

དངོས་སུ་བཤམས་པའི་མཆོད་པ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་རྒྱ་མཚོ་མཐའ་ཡས་པས་མཆོད་པར་བསམས་ལ།

སྲིད་ཞིའི་མགོན་གྱུར་འཕགས་པའི་ཚོགས་རྣམས་ལ༔

ཡན་ལག་བརྒྱད་ལྡན་མཆོད་ཡོན་བཟང་པོ་དང་༔

དྲི་བཟང་འོ་ཆབ་སྦྱར་བའི་ཞབས་བསིལ་མཆོག༔

དཀར་དམར་མཛེས་པའི་རྣམ་བཀྲ་མེ་ཏོག་ཚལ༔

སྦྱར་དང་ལྷན་སྐྱེས་དྲི་བསུང་ངད་ལྡན་སྤྲིན༔

མར་མེ་སྣང་གསལ་ཉི་ཟླའི་འོད་གསལ་བ༔

སྨན་མཆོག་བྱུག་ཏུ་འོས་པའི་དྲི་ཆབ་རིགས༔

ལྷ་མིའི་ངོ་མཚར་ཞལ་ཟས་བདུད་རྩིའི་མཆོག༔

རྔ་ཟླུམ་པི་ཝཾ་སིལ་སྙན་དུང་གི་སྒྲ༔

བཀོད་པ་ཁྱད་འཕགས་ལྷ་དང་ལྷ་མོའི་ཚོགས༔

བ་དན་ཕྱེ་ཕུར་གདུགས་འཕན་བླ་བྲེ་དང་༔

རྒྱལ་མཚན་ལ་སོགས་ནམ་མཁའ་བཀང་སྟེ་འབུལ༔

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔

 

ཁྱད་པར་དུ།

འགྲོ་བའི་མགོན་དང་འཕགས་ཚོགས་སྤྲུལ་པར་བཅས༔

མ་རིག་རྣམ་དག་ཡེ་ཤེས་མེ་ལོང་མཆོག༔

དུག་ལྔའི་གདུང་སེལ་སྙིང་པོ་ཞོ་ཡི་ཟས༔

ཉོན་མོངས་གཅོང་གཞིལ་གྷི་ཧཾ་སྨན་གྱི་ཕུལ༔

ཕྱི་ནང་ཆོས་རྣམས་དབང་སྡུད་ལི་ཁྲི་མཆོག༔

རྒྱུད་དག་གསང་སྔགས་འབྲས་སྤྱོད་བིལ་བའི་འབྲས༔

རྡོ་རྗེའི་ཚེ་མཆོག་འཕེལ་བའི་དཱུརྦ་དང་༔

ལོག་སྨྲ་ཀུན་འཇོམས་གཡས་འཁྱིལ་ཆོས་ཀྱི་སྒྲ༔

བདུད་སྡེ་ཕམ་མཛད་ཁྲོ་བོ་ཡུངས་ཀར་ཚོགས༔

འདི་དག་འབུལ་གྱི་བཀྲ་ཤིས་ལྡན་པར་མཛོད༔

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལ་དྲ་བྱཱ་པྲ་ཏཱིཙྪ་སྭཱཧཱ།

 

དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔

དཔལ་བེའུ་ཡེ་ཤེས་དྲ་བ་ཆེ༔

འཁོར་ལོ་ཕྱོགས་ལྷུང་ཀུན་དང་བྲལ༔

པདྨ་ཆགས་མེད་ཡེ་ཤེས་ཏེ༔

རྒྱལ་མཚན་རྟོག་མེད་བདུད་ལས་རྒྱལ༔

གདུགས་མཆོག་འཁོར་ཡུག་འོད་གསལ་བ༔

བུམ་པ་ཅིར་སྣང་ཆོས་ཀྱི་གཏེར༔

ཆོས་དུང་གྲགས་སྟོང་མདངས་རྩལ་ཅན༔

གསེར་ཉ་ཡེ་ཤེས་བྱང་ཆུབ་སེམས༔

རྒྱལ་བའི་ཚོགས་ལ་འབུལ་བར་བགྱི༔

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལ་ཙིཧྣ་པྲ་ཏཱིཙྪ་སྭཱ་ཧཱ༔

 

ཧྲཱིཿ ལྟེ་བ་ཟབ་ཡངས་རྩིབས་སྟོང་རྒྱ་ཆེའི་ཆོས༔

ངེས་པ་ལྔ་ལྡན་གྲུབ་པའི་ཡིད་བཞིན་ནོར༔

བདེ་སྟོང་རྣམ་རོལ་བཞིན་མཛེས་མཛངས་ལ་བཙུན༔

བྱང་ཆུབ་ཐབས་མཁས་བློ་ལྡན་ཁྱིམ་གྱི་བདག༔

འཕགས་པའི་ལམ་ལ་འདྲེན་པའི་ཁྱུ་མཆོག་གླང་༔

ཚད་མེད་བཞི་རིམ་རྐང་འགྲོས་ཅང་ཤེས་རྟ༔

ཉོན་མོངས་གཡུལ་ལས་རྒྱལ་བའི་དམག་དཔོན་སོགས༔

རྒྱལ་དང་དེ་སྲས་རྣམས་ལ་འབུལ་བར་བགྱི༔

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་སཔྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ༔

 

བཞི་པ་ནི།

མཎྜལ་རྒྱས་བསྡུས་སྤྱི་དང་།

ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་འབྱུང་བཞི་རི་རབ་གླིང་བཅུ་གཉིས༔

ཉི་ཟླ་དུས་མེ་སྲིད་ཞིའི་དཔལ་འབྱོར་ཚོགས༔

རིན་ཆེན་མེ་ཏོག་སྤྲིན་ཆེན་གཡོ་བ་རྣམས༔

སྤྲུལ་སྐུ་འགྲོ་དོན་མཛད་པའི་ཚོགས་ལ་འབུལ༔

བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ༔

སྐུ་གསུམ་རྒྱལ་སྲིད་ཚེ་འདིར་ཐོབ་པར་ཤོག༔

ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔

ཞེས་པས་ལན་ཅི་རིགས་འབུལ།

 

ལྔ་པ་བསྟོད་པའི་དབྱངས་ཀྱི་མཆོད་པ་ནི།

རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །

ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །

གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །

མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་བསྟོད། །

སྔོན་ནས་སངས་རྒྱས་གྲངས་མེད་འགྲོ་དོན་མཛད། །

འཁོར་བ་དོང་སྤྲུགས་མཐུ་མངའ་ཞིང་ཁམས་དང་། །

འཇིག་རྟེན་འདིར་སྣང་འཕགས་ཚོགས་ཁྱེད་ཀྱི་འཕྲུལ། །

ཉེ་སྲས་སློབ་མར་བཅས་ལ་ཕྱག་འཚལ་བསྟོད། །

མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །

ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །

ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །

དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །

ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །

དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །

དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །

སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །

རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །

སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །

འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པས། །

ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །

ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡིས། །

བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །

ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །

ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །

ཨེ་མ་ཧོ། ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །

མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །

ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །

མགོན་པོ་དུས་གསུམ་སྒྲིབ་པ་མེད་པ་རབ་མཁྱེན་པས། །

དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །

འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །

ཡང་དག་ཡོན་ཏན་རྒྱ་ཆེ་སྟེ། །

ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །

སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །

ཞེས་ཡེ་ཤེས་ལྔའི་བདག་ཉིད་ཆེན་པོར་རྡོ་རྗེ་འཛིན་པའི་དབྱངས་ཀྱི་སྔགས་པས་བསྟོད།

 

གཉིས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་བཞི།

ཚོགས་བསགས་པ། སེམས་བསྐྱེད་པ། དགའ་བ་སྒོམ་པ། སྨོན་ལམ་བཏབ་པའོ། །

དང་པོ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་བསགས་པ་ལ་ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ལེགས་པར་སྔོན་དུ་སོང་ནས།

ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །

དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །

བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །

ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །

 

བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །

རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །

ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །

རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །

རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །

སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །

དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །

ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །

 

དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །

དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །

རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །

བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །

 

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །

སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །

མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །

ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །

བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །

དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །

བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །

རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །

འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །

ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །

སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །

དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །

ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །

རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །

འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །

དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །

གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །

བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །

མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །

འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །

མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །

འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །

བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །

བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །

རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །

དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །

ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །

 

གཉིས་པ་སེམས་བསྐྱེད་པ་དངོས་ལ་གསུམ།

སྐྱབས་འགྲོ། སེམས་བསྐྱེད་རྣམ་པ་གཉིས་སོ། །

དང་པོ་ནི།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ།

ཞེས་དགོངས་གསོལ་སྔོན་དུ་འགྲོ་བས། སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་བ་ནི།

 

བདག་མིང་འདི་ཞེས་བགྱི་བ་ཡི། །

བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །

སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །

ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །

ཚོགས་ལ་འང་དེ་བཞིན་སྐྱབས་སུ་མཆི། །

ཞེས་ལན་གསུམ།

 

གཉིས་པ་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི།

སླར་ཡང་དགོངས་གསོལ་ལན་གཅིག་སྔོན་དུ་འགྲོ་བས།

བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ།

ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །

བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །

བྱང་ཆུབ་སེམས་དཔའི་བསླབ་པ་ལ། །

དེ་དག་རིམ་བཞིན་གནས་པ་ལྟར། །

བདག་ཀྱང་འགྲོ་ལ་ཕན་དོན་དུ། །

བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །

དེ་བཞིན་དུ་ནི་བསླབ་པ་ལའང་། །

རིམ་པ་བཞིན་དུ་བསླབ་པར་བགྱི། །

ལན་གསུམ།

སྤྲོ་ན་སྐྱབས་སེམས་འདི་དག་གི་སྡོམ་བཟུང་རྣམས་ཀྱང་གཏེར་ཁ་འདི་དག་དང་རིགས་གསུམ་སྙིང་ཐིག་ལས་འབྱུང་བ་རྣམས་བརྗོད་ན་འང་ཤིན་ཏུ་ལེགས།

འདིར་ནི་སྨོན་འཇུག་གཉིས་ཀའི་སྡོམ་པ་ཕྲུགས་གཅིག་ཏུ་ལེན་པ་རྒྱལ་སྲས་ཞི་བ་ལྷའི་གསུང་བཞིན་གྲགས་ཆེ་བའི་དབང་གིས་བཀོད་པའོ། །

གསུམ་པ་དོན་དམ་སེམས་བསྐྱེད་ཡང་དག་འཇོག་ལ་གཞོལ་བ།

གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །

དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །

རྐྱེན་ལ་རག་ལས་གང་དེ་སྟོང་པ་སྟེ། །

གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །

ཅེས་པའི་དོན་ལ་མཉམ་པར་བཞག

 

གསུམ་པ་ནི།

དེང་དུས་བདག་ཚེ་འབྲས་བུ་ཡོད། །

མི་ཡི་སྲིད་པ་ལེགས་པར་ཐོབ། །

དེ་རིང་སངས་རྒྱས་རིགས་སུ་སྐྱེས། །

སངས་རྒྱས་སྲས་སུ་ད་གྱུར་ཏོ། །

ཞེས་རང་དགའ་བ་བསྒོམ།

ད་ནི་བདག་གིས་ཅི་ནས་ཀྱང་། །

རིགས་དང་མཐུན་པའི་ལས་བརྩམ་སྟེ། །

སྐྱོན་མེད་བཙུན་པའི་རིགས་འདི་ལ། །

རྙོག་པར་མི་འགྱུར་དེ་ལྟར་བྱ། །

ཞེས་དྲན་ཤེས་བག་ཡོད་ཀྱིས་བསླབ་ལས་མི་འདའ་བར་དམ་བཅའ།

བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །

སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །

བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །

ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །

ཞེས་ལྷ་དང་བཅས་པའི་འགྲོ་རྣམས་དགའ་བ་བསྒོམ་དུ་གཞུག །

 

བཞི་བ་ནི།

བྱང་ཆུབ་སེམས་ནི་རིན་པོ་ཆེ། །

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །

སྐྱེས་པ་ཉམས་པ་མེད་པ་དང་། །

གོང་ནས་གོང་དུ་འཕེལ་བར་ཤོག །

 

བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །

བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །

སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །

བདུད་ཀྱི་ལས་རྣམས་སྤོང་བར་ཤོག །

 

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །

འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །

མགོན་པོ་ཡིས་ནི་གང་དགོངས་པ། །

སེམས་ཅན་རྣམས་ལ་དེ་འབྱོར་ཤོག །

 

སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །

ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །

བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །

དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །

ཅེས་སྙིང་ཐག་པ་ནས་བརྗོད་པར་བྱའོ། །

 

གསུམ་པ་བཟླས་པས་ཐུགས་རྒྱུད་བསྐུལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ལ་བཞི།

བདེན་པའི་སྟོབས་བརྗོད་པ། བཟླས་པ། བྱང་སེམས་བསྒོམ་པ། གསོལ་བ་གདབ་པའོ། །

དང་པོ་བཟླས་པའི་ཕྲིན་ལས་མཛད་པའི་སླད་དུ་མཁན་ཆེན་ཞི་བ་འཚོས་མཛད་པའི་བྱང་ཆུབ་སེམས་ཀྱི་ཤིས་པ་བརྗོད་པ་ནི།

དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །

འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །

ཆོས་ཉིད་དག་པའི་མཐུ་དང་ནི། །

བསམ་དང་སྦྱོར་བ་དག་པ་ཡིས། །

ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །

གཟུགས་ཅན་གཟུགས་ཅན་མ་ཡིན་དང་། །

འདུ་ཤེས་མེད་དང་ཡོད་མིན་དང་། །

སེམས་ཅན་རིགས་རྣམས་ཇི་སྙེད་པས། །

སོ་སོའི་སྐྱེ་བོ་རྟོག་པའི་ས། །

སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །

འཕགས་ལམ་བདེ་བ་མྱ་ངན་འདས། །

ངེས་པར་ལེགས་པར་རྟོགས་གྱུར་ཅིག །

འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །

གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །

བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །

བདེ་བ་དག་ལ་གཞོལ་གྱུར་ཅིག །

 

གཉིས་པ་ནི།

བཟླས་པའི་དམིགས་པ་ནི།

མདུན་དུ་བཞུགས་པའི་ཡེ་ཤེས་པ༔

སངས་རྒྱས་འཁོར་བཅས་ཐུགས་རྒྱུད་བསྐུལ༔

དེ་དག་ཐུགས་རྗེའི་འོད་ཟེར་གྱིས༔

བདག་དང་འགྲོ་བའི་སྒྲིབ་ཀུན་སྦྱངས༔

སངས་རྒྱས་ཞིང་དུ་སྐྱེ་བ་ཡི༔

རྒྱུ་འབྲས་སྣོད་དང་ལྡན་པར་གྱུར༔

ཅེས་བསམ་ལ།

མཚན་སྔགས་ནི།

ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མཧཱ་མུ་ན་ཡེ་སྭ་ཧཱ།

སྙིང་པོ་ནི།

ཨོཾ་མ་ཧཱ་ཧཱུྃ་མ་ཧཱ་བི་ར་སྭཱ་ཧཱ།

ཉེ་སྲས་བརྒྱད་ཀྱི་སྙིང་པོ་ནི།

བྱམས་པ།

ཨོཾ་མཻ་དྷཱ་ར་ཎ་སྭཱ་ཧཱ།

འཇམ་དཔལ།

ཨོཾ་ཤྲཱི་ཨཾ་རྃ་ག་སྭཱ་ཧཱ།

སྤྱན་རས་གཟིགས།

ཨོཾ་ཧྲཱི་ཧཱུྃ་པདྨ་པྲི་ཡ་སྭཱ་ཧཱ།

ཕྱག་རྡོར།

ཨོཾ་ཀུ་རུ་བྷ་ན་ར་ཧ་སྭཱ་ཧཱ།

ས་སྙིང་།

ཨོཾ་ཀྵི་ཏི་ཧ་རཱ་ཛ་སྭཱ་ཧཱ།

སྒྲིབ་སེལ།

ཨོཾ་ནི་སྭཱ་རཾ་བྷ་སྭཱ་ཧཱ།

ནམ་སྙིང་།

ཨོཾ་ཨཱ་ཀཱ་ཤ་གརྦྷ་སྭཱ་ཧཱ།

ཀུན་བཟང་ནི།

ཨོཾ་སྭཱ་ཧྲི་རཱ་ཛ་ཡ་སྭཱ་ཧཱ།

སྙིང་པོ་རྣམས་བརྒྱ་རྩ་ལས་མི་ཉུང་བ་དང་། སྤྲོ་ན་སོ་སོའི་གཟུངས་རྣམས་ཀྱང་བཟླའོ། །

དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་མདོ་ལས།

སྙིང་པོ་འདི་དག་བརྗོད་པ་ཙམ་གྱིས་མཚམས་མེད་པ་ལྔ་བྱང་ཞིང་དངོས་གྲུབ་ཐམས་ཅད་འཐོབ་པ་དང་། དཀྱིལ་འཁོར་གྱི་མདུན་དུ་ལན་གཅིག་བརྗོད་ན་དེའི་དོན་ཐམས་ཅད་འགྲུབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །

 

གསུམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་ཞིང་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་བསླབ་པ་ནི།

དེ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་བསམ་པ་སྨོན་འཇུག་གི་སེམས་བསྐྱེད་པ་སྔོན་དུ་སོང་ནས་སྦྱོར་བ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་བསླབ་པས་འབྲས་བུ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའོ། །

ངེས་ཚིག་བོ་དྷི་ས་ཏྭའི་སྒྲ་ལས། སེམས་སྟོབས་ཆེན་པོའི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་གཅིག་ཏུ་མི་འགྱུར་བས་སེམས་དཔའ་ཞེས་བྱའོ། །

དབྱེ་ན་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་གཉིས། དེ་ཡང་རགས་པ་བརྡ་ལས་བྱུང་བ་དང་། །ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའོ། །

 

དང་པོ་ནི་གཞན་དོན་དུ་རྫོགས་བྱང་དོན་དུ་གཉེར་བའི་བློ་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་ཏེ། པདྨའི་ཞལ་གདམས་ལམ་རིམ་ལས།

གནད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི༔
སྡུག་བསྔལ་མ་ལུས་བདག་གིས་ཁུར་དུ་བླང་༔ 
བདག་གི་བདེ་དགེ་འགྲོ་དྲུག་ཀུན་ལ་སྦྱིན༔
རྐྱེན་གྱིས་མི་འཆོར་སྙིང་རྗེ་བྱང་སེམས་སྦྱངས༔ ཞེས་གསུངས་སོ། །

 

གཉིས་པ་དོན་དམ་པའི་སེམས་བསྐྱེད་ནི།

འདི་ལྟར་དམིགས་པའི་ཆོས་དང་གང་ཟག་གི་བདག་གཉིས་པོ་རང་བཞིན་གྱིས་མ་གྲུབ་པའི་གནས་ལུགས་ཕྱིན་ཅི་མ་ལོག་པ་གཞིར་བྱས་ནས། འཁོར་འདས་སུ་སྣང་བ་འདི་རྣམས་སྣང་ཡང་ངོ་བོ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་བློས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས་དགེ་མི་དགེའི་འཇུག་ལྡོག་གི་ཚུལ་གྱིས་ཀུན་རྫོབ་ཀྱི་བདེན་པར་འཇུག་ལ། དོན་དམ་པར་གཤིས་ཀྱི་གནས་ལུགས་སྤྲོས་བྲལ་དུ་ཤེས་པར་བྱས་ནས་བདེན་གཉིས་ཟུང་འཇུག་གི་སྒོ་ནས་མཐའ་བྲལ་ཤེས་རབ་ཀྱི་ཕར་ཕྱིན་ལ་མཉམ་པར་འཇོག་པ་སྟེ། ལམ་རིམ་ལས།

མདོར་ན་བདག་གཉིས་གཟུང་འཛིན་གཞི་དང་བཅས༔
མཁའ་ལྟར་རབ་ཞི་སྐྱེ་བ་མེད་ཤེས་ནས༔
སྐྱེ་མེད་ཉིད་ཀྱང་བློ་ཡི་ཡུལ་ལས་འདས༔
ཐམས་ཅད་མཁྱེན་པ་འང་ཚིག་གིས་དབུལ་བའི་ཕྱིར༔
སྤྲོས་པ་ཀུན་བྲལ་དབུ་མའི་ལམ་ཞེས་བྱ༔ ཞེས་སོ། །

དེ་ལྟར་ཡུམ་གྱི་དོན་ལ་རྗེས་སུ་སློབ་པའི་ལམ་ནི། ལྟ་བ་ནམ་མཁའ་ལྟ་བུའི་སྟོང་ཉིད་བཅོ་བརྒྱད། སྒོམ་པ་བྱང་ཆུབ་ཚོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་གཞི་བདེན་གཉིས། ལམ་ཚོགས་གཉིས། འབྲས་བུ་སྐུ་གཉིས། ཟུང་འཇུག་སྒྲུབ་པ་ལ་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོ་ཞེས་བྱ།

འདི་དག་གི་ཚུལ་རྣམ་པར་ངེས་པའི་སྒོ་ནས་སྲིད་པའི་མཐའ་ལ་སྐྱོ་བ་བསྐྱེད། ཞི་བའི་མཐའ་ལ་ཞེན་པ་དགག མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པས་སེམས་སྦྱང་བ་སྟེ། དེ་ཡང་རྒྱུ་ལ་སྦྱང་བ་ཚད་མེད་བཞི་སྒོམ་པ། སེམས་དངོས་སྦྱང་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་སེམས་བསྐྱེད་བླང་བ། བསླབ་བྱ་ལ་སྦྱོང་བ་བདག་གཞན་མཉམ་པ་དང་བརྗེ་བ། བདག་བས་གཞན་གཅེས་རྣམས་རིམ་གྱིས་བཅོས་མིན་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་ཡང་ཡང་བསྒོམ།

རྣམ་ཀུན་ཚོགས་གཉིས་དང་ཕ་རོལ་ཕྱིན་པ་དྲུག་གིས་བསྡུས་པའི་ལེགས་སྤྱོད་ཐམས་ཅད་སྒྲུབ་པ་དགེ་བ་ཆོས་སྡུད། བསྡུ་བ་རྣམ་པ་བཞིའི་ཚུལ་གྱིས་བསམ་སྦྱོར་ཐམས་ཅད་སེམས་ཅན་གྱི་དོན་དུ་སྤྱོད་པ་སེམས་ཅན་དོན་བྱེད། སྨོན་འཇུག་བྱང་སེམས་ཀྱི་བསླབ་བྱ་མཐའ་དག་ལ་བླང་དོར་ཚུལ་བཞིན་བྱེད་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཏེ་རྣམ་པ་གསུམ་པོ་འདི་དག་དྲན་དང་ཤེས་བཞིན་བག་ཡོད་པ་གསུམ་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བསྲུང་བའི་ཐབས་ལ་འབད་པ་ནི། རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་ཡང་དག་པར་འཇུག་པའོ། །

 

བཞི་པ་ལ་གཉིས།

ཚོགས་བསགས་པ་དང་། གསོལ་བ་གདབ་པའོ། །

དང་པོ་ནི།

འདིའི་སྡོམ་ཆོག་ལས།

དེ་ཕྱིན་ཡན་ལག་བདུན་དང་སེམས་བསྐྱེད་ཉམས་ལེན་དུས་དྲུག་ཏུ་མ་ཆག་པ་བྱ༔

ཞེས་དང་།

མཁན་སློབ་རྣམས་ཀྱིས་ཡན་ལག་བདུན་པ་དང་༔ བྱང་ཆུབ་སེམས་མདོ༔ སྤྱོད་འཇུག་འུར་འདོན་ལན་གསུམ་བྱ༔

ཞེས་གསུངས་པས་མཚོན་སྟོན་པ་ཉེ་སྲས་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་དང་ཐེག་པ་ཆེན་པོའི་མདོ་སྡེ་བཀླག་པ་སོགས་ཆོས་སྤྱོད་རྣམ་པ་བཅུ་ཡི་སྒོ་ནས་བསགས་སྦྱངས་སྤེལ་གསུམ་གྱི་སྒོ་མཐའ་དག་ལ་འཇུག་ཅིང་། བཟང་པོ་སྤྱོད་པའི་སྨོན་ལམ་བརྒྱ་སྟོང་ཐེར་འབུམ་ཇི་འགྲུབ་གདོན་པ་སོགས་དགེ་ཚོགས་རླབས་པོ་ཆེ་བསྒྲུབ་པ་ལ་མི་ཞུམ་པར་བྱ།

བྱེ་བྲག་མཆོད་པ་འབུལ་བའི་རིམ་པ་ནི།

རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །

དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །

དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །

ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །

ཅེས་པ་ཙམ་མམ་སྤྲོ་ན་མཐར་ཆགས་བརྗོད་པའི་མཐར་མཆོད་པའི་སྤྲིན་གྱི་གཟུངས་བཅས་རོལ་མོ་བྱའོ། །

 

གཉིས་པ་ནི།

དངོས་དང་སྨོན་ལམ་གདབ་པའོ། །

དང་པོ་ནི།

ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔

བླ་མ་ཡི་དམ་མཁའ་འགྲོ་དང་༔

ཆོས་སྲུང་ནོར་ལྷ་གཏེར་གྱི་བདག༔

ཡེ་ཤེས་གཅིག་གི་ངོ་བོ་ལས༔

རང་བཞིན་མ་འགགས་ཅིར་ཡང་སྟོན༔

ཐུགས་རྗེ་ཕྲིན་ལས་རྨད་པོ་ཆེ༔

འགྲོ་ཀུན་སྐྱབས་དང་མགོན་གྱུར་པ༔

མཁྱེན་བརྩེའི་བདག་ཉིད་ཁྱེད་རྣམས་ལ༔

ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔

ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔

བདག་དང་མཐའ་ཡས་སེམས་ཅན་རྣམས༔

རྟག་ཏུ་ཐུགས་རྗེས་བསྐྱབ་མཛད་གསོལ༔

ནད་དང་གནོད་པ་ཞི་བ་དང་༔

ཚེ་དང་བསོད་ནམས་འཕེལ་བ་དང་༔

བསམ་པའི་དོན་རྣམས་མ་ལུས་ཀུན༔

ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔

ཞེས་དང་།

གཉིས་པ་ནི།

ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ སོགས་བརྗོད་དོ། །

 

གཏོར་མཆོད་འབུལ་ཞིང་འདོད་དོན་གསོལ་བ། བཟོད་གསོལ། གཤེགས་བསྟིམ། བསྔོ་བ། ཤིས་བརྗོད་དོ། །

དང་པོ་ལ་གསུམ།

གཏོར་འབུལ། མཆོད་པ། འདོད་གསོལ་བྱ་བའོ། །

དང་པོ་ནི།

གཏོར་མར་ཆབ་བྲན་ལ།

ཨ་མྲྀ་ཏས་བསང་།

སྭ་བྷཱ་ཝས་སྦྱང་།

སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི། སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུྃ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།

ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་གྱིས་བྱིན་བརླབས་ལ།

ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་བྷྱཿ ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་བཏགས་པ་ལན་གསུམ་གྱིས་འབུལ།

ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ་། །

ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །

དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །

འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །

ཅེས་དང་། ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ། འཕྲོག་མ་སོགས་འབྱུང་པོ་ལ་གཏོར་མ་བསྔོ་ཞིང་བྱམས་པའི་སེམས་བསྐྱེད་པར་བགོ་བ་བྱའོ། །

 

གཉིས་པ་ནི།

མཆོད་པ་ཁ་གསོས་ལ།

མཆོད་པ་དྲི་མེད་ཡོངས་དག་པ། །

རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །

སོ་སོའི་མངའ་ཐང་རྒྱ་ཆེན་དུ། །

འོས་པ་བདེ་བར་སྦྱར་ཏེ་འབུལ། །

 

ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །

བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །

བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །

ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །

ཅེས་མཆོད་ཅིང་བསྟོད།

 

གསུམ་པ་ནི།

བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ།

ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།

བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་པའི་དོན་ཀུན་འབད་མེད་དུ་འགྲུབ་པ་དང་།

བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཆོས་དང་མཐུན་པའི་བསམ་པ་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།

ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུའང་ནད་མུག་འཁྲུག་རྩོད་ལ་སོགས་པ་སྙིགས་མའི་རྒུད་པ་མཐའ་དག་མིང་ཡང་མི་གྲགས་ཤིང་། བདེ་སྐྱིད་རྫོགས་ལྡན་གྱི་དགའ་སྟོན་དུས་རྟག་ཏུ་འཕེལ་བར་མཛད་དུ་གསོལ།

བདག་ཅག་དཔོན་སློབ་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་གནས་སྐབས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པ་དང་། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།

རྒྱལ་བ་སྲས་དང་བཅས་པ་ཁྱེད་རྣམས་ཀྱི་རྣམ་ཐར་དང་། གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་དང་རྣམ་པར་འཕྲུལ་པ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ།

འཕོས་མ་ཐག་ཏུ་རྒྱལ་བ་སྲས་དང་བཅས་པའི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང་། ཞིང་ཡོངས་སུ་སྦྱོང་བ་དང་། སེམས་ཅན་རྣམས་སྨིན་པར་བྱེད་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པ་དང་། མཐར་ཐུག་དོན་གཉིས་ལྷུན་གྱིས་གྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །

ཅེས་རྩེ་གཅིག་དུ་གསོལ་བ་བཏབ་པས། དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབས་པར་བསམ།

 

གཉིས་པ་ནི།

མ་རྙེད་ཡོངས་སུ་མ་ཚང་དང་། །

གང་ཡང་ནུས་པ་མ་མཆིས་པ། །

འདིར་ནི་བགྱི་བ་གང་ནོངས་པ། །

དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །

 

གསུམ་པ་ནི།

སྟོན་པ་འཁོར་བཅས་རེ་ཞིག་ཞིང་དུ་གཤེགས༔

སླར་ཡང་བདག་གི་མཆོད་གནས་མཛད་དུ་གསོལ༔

བཛྲ་མུཿས་གཤེགས་སྐུ་རྟེན་སོགས་ཡོད་ན།

 

ཨོཾ༔ ཇི་སྲིད་མེ་དང་ཆུ་དང་ནི༔

རླུང་གི་བསྐལ་པས་འཇིགས་བར་དུ༔

འདིར་ནི་མགོན་པོ་རྟག་བཞུགས་ཏེ༔

གང་གིས་རྟེན་འདི་དྲན་ཙམ་གྱིས༔

སྡིག་སྒྲིབ་མ་ལུས་ཞི་བ་དང་༔

ཐར་པའི་ལམ་ལ་འགོད་མཛད་གསོལ༔

རྟེན་སྙིང་དང་། སུ་པྲ་ཏིཥྛས་བརྟན་བཞུགས་བྱ།

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།

ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།

 

བཞི་པ་ནི།

བསོད་ནམས་འདི་ཡིས་སོགས་བསྔོ་བ་དང་། རྒྱལ་བ་སྲས་བཅས་ཁྱེད་སྐུ་ཅི་འདྲ་སོགས་སྐྱེས་རབ་ལས་འབྱུང་བའི་སྨོན་ལམ་ཁྱད་པར་ཅན་གདབ།

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །

ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །

སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །

སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག །

རྒྱལ་བ་སྲས་བཅས་ཁྱེད་སྐུ་ཅི་འདྲ་དང༌། །

འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །

ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །

དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །

 

ལྔ་པ་ནི།

ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཐོག་དྲངས་ཏེ།

ཨོཾ༔ དགེ་ལེགས་ཀུན་གྱི་འབྱུང་གནས་རྫོགས་སངས་རྒྱས༔

ཉོན་མོངས་གདུང་སེལ་བདུད་རྩི་དམ་པའི་ཆོས༔

བསོད་ནམས་ཞིང་མཆོག་རྒྱལ་སྲས་འཕགས་པའི་ཚོགས༔

བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔

 

ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །

གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །

གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །

ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །

 

འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །

ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །

ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །

ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །

 

རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །

བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །

རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །

བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །

 

སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང༌། །

བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམས་པ་དང༌། །

མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ། །

དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

 

གནས་སྐབས་ཕྱི་ནང་རྒུད་པ་ཀུན་ཞི་ཞིང་༔

ཕན་བདེའི་བསམ་ཀུན་ལྷུན་གྱིས་འགྲུབ་པ་དང་༔

མཐར་ཐུག་སྐུ་དང་ཡེ་ཤེས་དབྱེར་མེད་པ༔

མཆོག་གི་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔

ཅེས་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་ཏེ་དགེ་ལེགས་ཀྱི་སྣང་བ་གོང་དུ་འཕེལ་བར་བྱའོ། །

དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང་། སྤྱིར་རྒྱལ་བའི་གསུང་རབ་མཐའ་དག་གི་སྒོ་ནས་ཡོངས་སུ་གྲགས་པའི་རྒྱལ་བ་སྲས་བཅས་འདི་དག་མཆོད་ཅིང་བསྙེན་བཀུར་བགྱིས་པའི་བསོད་ནམས་མཐའ་ཡས་ཤིང་། ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྫོགས་སྨིན་སྦྱོང་བ་བདེ་བླག་ཏུ་འགྲུབ་པའི་ཐབས་ཁྱད་པར་ཅན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་ལ་མེད་དུ་མི་རུང་བའི་གདམས་པ་ཡིན་ཏེ། གཏེར་གཞུང་ལས།

སྐྱབས་སྡོམ་སོགས་སྡོམ་པ་འདི་རྣམས་གསང་སྔགས་ཀྱི་སྔོན་དུ་འགྲོ་བ་ལ་མེད་ཐབས་མེད༔ མདོ་སྔགས་ཡ་བྲལ་དུ་མ་སོང་ཞིང་༔ ཐབས་ཤེས་ཟུང་འཇུག་ཉམས་སུ་ལེན་པ་གལ་ཆེ༔ གསང་སྔགས་ཀྱི་ཐབས་ཁྱད་པར་བའི་དུས་སུ༔ གཞན་གནོད་རང་གར་དུ་མ་སོང་བར་གཞན་གནོད་གཞིར་བཅས་སྤང་བ་གསང་སྔགས་ཀྱི་ལྟ་སྤྱོད་ལ་རང་བཞིན་དུ་ཡོད་པའི་ཕྱིར་རོ༔

ཞེས་སྔགས་ཀྱི་འཇུག་སྒོ་འམ་རྩ་བ་ལྟ་བུར་གསུངས་པ་དང་།

ཆོ་ག་དང་ལམ་ལ་སློབ་པའི་ཕན་ཡོན་ཀྱང་། གཞུང་ལས།

ཕྱིར་མི་ལྡོག་པ་ས་བཅུ་རིམ་གྱིས་བགྲོད༔ གྲངས་མེད་གསུམ་མམ༔ སངས་རྒྱས་དྲུག་པ་ནས་བཅུ་གཅིག་ཀུན་ཏུ་འོད་ཐོབ༔ འགྲོ་དོན་དུས་དང་གྲངས་མེད་དོ༔ འདི་སྔོན་དུ་མ་སོང་བའི་སངས་རྒྱས་སྲིད་པར་མི་འགྱུར་རོ༔

ཞེས་སོགས་མདོ་རྒྱུད་རྣམས་ལས་རྒྱ་ཆེར་གསུངས་པས་གཅིག་ཏུ་བདེ་བ་འདོད་པ་རྣམས་ཀྱིས་འདི་ཁོ་ན་གཡར་དམ་དུ་བཟུང་བར་འཚལ་ལོ། །འདིར་སྨྲས་པ།

ཀུན་མཁྱེན་རྒྱལ་བ་སྲས་བཅས་ཆོས་དབྱིངས་མཁའ། །
ཀུན་བཟང་མཆོད་པའི་སྤྲིན་ཆེན་རྣམ་དཀྲིགས་པས། །
ཀུན་ཁྱབ་དགྱེས་པ་བསྐྱེད་པའི་ལེགས་བཤད་འདི། །
ཀུན་གཟིགས་སྨྲ་བའི་སེང་གེའི་དྲིན་ལས་བྱུང་། །

སངས་རྒྱས་པདྨའི་ཐུགས་བཅུད་རིན་ཆེན་དབྱིག །
རྣམ་གསལ་རྒྱལ་མཚན་རྩེ་མོར་བཀོད་པ་འདིས། །
ས་གསུམ་ཕན་བདེའི་དཔལ་འབྱོར་རབ་རྒྱས་ཤིང་། །
པདྨའི་མྱུ་གུ་མཆོག་དང་མི་འབྲལ་ཤོག །

 

ཅེས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་ཆོས་སྡེ་ལས་བྱོན་པའི་སྟོན་པ་ཉེ་སྲས་རྣམས་ཀྱི་མཆོད་ཆོག་གསང་བའི་བདག་པོ་དཔལ་ཞི་བ་འཚོའི་གསུང་སྒྲོས་ལས་འབྱུང་བ་ཉིད་གཞིར་བཟུང་། ཉེ་བར་མཁོ་བའི་ཁ་སྐོང་ཅུང་ཟད་རིགས་མདོ་ཆོག་སྤྱི་དང་། འཇམ་མགོན་བླ་མའི་ཉེ་སྲས་བརྒྱད་ཆོག་ལྟར་ལེགས་པར་བཀོད་པ་འདི་ནི།

མདོ་སྟོད་སའི་ཐིག་ལེ་གནས་མཆོག་ནམ་མཁའ་མཛོད་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རང་བྱོན་དུ་བཞུགས་པའི་གནས་ཀྱི་ལྷོ་ཕྱོགས་བཀྲ་ཤིས་ལྷ་རྩེའི་སྒྲུབ་སྡེ་པདྨ་འོད་གླིང་དུ། ཆོས་ཚུལ་འདི་ཉིད་ལ་སྔོན་དགེའི་སྤོབས་པ་ཅུང་ཟད་ཐོབ་པ་མཚོ་སྐྱེས་བླ་མའི་རྗེས་འཇུག་འཇམ་དབྱངས་ཐེག་མཆོག་བསྟན་འཛིན་གྱིས་ལེགས་པར་སྦྱར་བ་དགེ་བས་འགྲོ་ཀུན་བྱང་ཆུབ་མཆོག་གི་ལམ་ལ་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལམ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept