Four Powers Confession—Tibetan

Confession | Tibetan MastersNgulchu Dharmabhadra | Tibetan Mastersབློ་བཟང་ཆོས་ཀྱི་རྒྱལ་མཚན།

English | བོད་ཡིག

Ngulchu Dharmabhadra

Ngulchu Dharmabhadra

Further Information:

༄༅། །སྟོབས་བཞི་བཤགས་པ་བྱ་ཚུལ་བཞུགས།

ན་མོ་གུ་ར་ཝེ།

སྟོབས་བཞི་བཤགས་པ་བྱ་ཚུལ་ནི།

བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ཅེས་སྐྱབས་སེམས་བྱ།

བླ་མ་ཡི་དམ་མཆོག་གསུམ་བཀའ་སྡོད་བཅས། །

སྤྱན་དྲང་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །

ཅེས་སྤྱན་དྲངས།

མཁའ་ཁྱབ་ཞིང་གི་ཕྱག་འོས་ཐམས་ཅད་ལ། །

ཡོན་ཏན་ཞིང་དུ་ལྷག་པར་མོས་པའི་བློས། །

འགྲོ་ཀུན་ཞིང་རྡུལ་གྲངས་སྙེད་ལུས་སྤྲུལ་ཏེ། །

སངས་རྒྱས་ཞིང་མཐར་རྟག་ཏུ་གུས་ཕྱག་འཚལ། །

མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགས། །

དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །

མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །

དགེ་རྩ་རྫོགས་བྱང་ཉིད་དི་བསྔོ་བར་བགྱི། །

ཞེས་བདུན་རྣམ་དག་འབུལ།

གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །

འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །

སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །

དེ་རིང་ཉིད་ནས་སྐྱབས་སུ་མཆི། །

དེ་ཡི་ཐུགས་སུ་ཆུད་པའི་ཆོས། །

འཁོར་བ་འཇིགས་པ་སེལ་བ་དང་། །

བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །

དེ་བཞིན་ཡང་དག་སྐྱབས་སུ་མཆི། །

སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །

ད་ནི་འཇིགས་པ་ཆེ་མཐོང་ནས། །

ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །

འཇིགས་པ་མྱུར་དུ་བསལ་དུ་གསོལ། །

ཞེས་རྟེན་གྱིས་སྟོབས་དང་།

འདྲེན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །

རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་སོགས། །

སངས་རྒྱས་སོ་ལྔ་བདེ་གཤེགས་དཔའ་བོ་བདུན། །

སྙིགས་མའི་མགོན་པོ་དེ་བཞིན་གཤེགས་པ་བརྒྱད། །

བསྐལ་བཟང་འདྲེན་པ་ཐུབ་པའི་ཉི་མ་སྟོང་། །

མར་མེ་མཛད་དང་ཐུབ་དབང་བྱམས་མགོན་སོགས། །

དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ལ། །

ཕྱག་འཚལ་མཆོད་ཅིང་སྙིང་ནས་སྐྱབས་སུ་མཆི། །

བདག་ཅག་ངན་སོང་སྲིད་པའི་འཇིགས་ལས་སྐྱོབས། །

ཞེས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་།

ཕྱོགས་དུས་ཀུན་ཏུ་བཞུགས་པའི་རྒྱལ་རྣམས་དང་། །

ཐུགས་རྗེ་ཆེ་ལྡན་རྒྱལ་སྲས་དཔའ་བོ་རྣམས། །

བརྩེ་བའི་ཐུགས་ཀྱིས་བདག་ལ་དགོངས་སུ་གསོལ། །

བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །

དུག་གསུམ་དབང་གིས་མཚམས་མེད་ཉེ་བ་ལྔ། །

མི་དགེ་བཅུ་དང་མཆོག་གསུམ་དཀོར་ཕྲོགས་སོགས། །

འཇིགས་རུང་ངན་སོང་གསུམ་དང་མི་ཁོམ་པའི། །

གནས་སུ་སྐྱེ་འགྱུར་མི་དགེ་སྡིག་པའི་ལས། །

བཅས་དང་རང་བཞིན་ཁ་ན་མ་ཐོ་བ། །

བགྱིས་དང་བགྱིད་སྩལ་རྗེས་སུ་ཡི་རང་བ། །

གནོད་ཞིང་འགྱོད་པས་འཆབ་ཅིང་མི་སྦེད་པར། །

འཇིགས་ཤིང་སྐྲག་པས་མགོན་པོ་རྣམས་ཀྱི་དྲུང་། །

སྒོ་གསུམ་གུས་པས་མཐལ་མོ་སྦྱར་བྱས་ཏེ། །

བསམ་པ་ཐག་པས་ཡང་དང་ཡང་དུ་བཤགས། །

བརྩེ་བའི་ཐུགས་ཀྱིས་ནོངས་པར་གཟུང་དུ་གསོལ། །

ཞེས་རྣམ་པར་སུན་འབྱིན་པའི་སྟོབས་དང་།

ཕོངས་པའི་གཉེན་མཆོག་སླུ་མེད་སྐྱབས་ཀྱི་ཕུལ། །

དུས་གསུམ་བདེ་གཤེགས་སྲས་བཅས་རྣམས་ལ། །

མཆོག་ཏུ་གུས་པས་ཐལ་སྦྱར་གསོལ་བ་ནི། །

ངན་སོང་ངན་འགྲོ་མི་ཁོམ་བརྒྱད་རྣམས་སུ། །

མི་འདོད་སྡུག་བསྔལ་སྣ་ཚོགས་འབྱུང་བའི་སྒོ། །

ལུས་ངག་ཡིད་ཀྱི་སྡིག་ལྟུང་མི་དགེའི་ལས། །

དེང་ནས་ཕྱིན་ཆད་ཤིན་ཏུ་ཕྲ་བ་ཡང་། །

མི་བགྱིད་སྲོག་དང་བསྡོས་ཏེ་ཡང་དག་སྡོམ། །

ཞེས་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ་སྟོབས་བཞི་ཚང་བའི་བཤགས་བསྡོམས་བྱ།

དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །

མ་ནོར་ལམ་སྟོན་ཐེག་མཆོག་བཤེས་གཉེན་གྱིས། །

འབྲལ་བ་མེད་པར་རྗེས་སུ་འཛིན་པ་དང་། །

གསུང་གི་བདུད་རྩི་ངོམས་མེད་འཐུང་བར་ཤོག །

 

དེ་ཡི་མཐུ་ལས་ངེས་འབྱུང་བྱང་ཆུབ་སེམས། །

ཡང་དག་ལྟ་དང་ཕྱིན་དྲུག་རིམ་པ་གཉིས། །

འཁོར་དང་བཅས་པའི་ཉམས་ལེན་མཐར་ཕྱིན་ཏེ། །

སྟོབས་བཅུ་མངའ་བའི་གོ་འཕང་མྱུར་ཐོབ་ཤོག །

 

བློ་བཟང་རྡོ་རྗེ་འཆང་ཆེན་པོ་ཙོང་ཁ་པའི། །

སྙན་བརྒྱུད་མན་ངག་སྙིང་པོ་མཐར་ཐུག་པ། །

ཟབ་ལམ་བླ་མ་ལྷ་ཡི་རྣལ་འབྱོར་གྱིས། །

དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །

 

སྡིག་ལྟུང་གཉེན་པོ་སྟོབས་བཞིའི་བཤགས་པ་བསྡམས་འདི། །

པཎ་ཆེན་ཆོས་ཀྱི་རྒྱལ་པོའི་དགོངས་པ་བཞིན། །

སྦྱོར་དངོས་རྗེས་གསུམ་ཉམས་སུ་བླང་བདེ་བར། །

བན་རྒན་དྷརྨ་བྷ་དྲས་ཡི་གེར་བྲིས། །

ཤུ་བྷཾ།

 

• Download this text: EPUB MOBI PDF