Temple Dedication Prayer—Tibetan

Practices › Dedication | བོད་ཀྱི་བླ་མ།དཔལ་སྤྲུལ་རིན་པོ་ཆེ།

English | བོད་ཡིག

དཔལ་སྤྲུལ་རིན་པོ་ཆེ།

Dza Patrul Rinpoche

Further information:
Download this text:

༄༅། །ལྷ་ཁང་ཡོངས་བསྔོ་བཞུགས།

 

དེ་མཐུས་རྒྱལ་བའི་གོ་འཕང་མངོན་བྱས་ནས། །

འབད་དང་རྩོལ་བ་མེད་པའི་ཕྲིན་ལས་ཀྱིས། །

ཁམས་གསུམ་འཁོར་བའི་རྒྱ་མཚོ་སྟོང་གྱུར་ཏེ། །

ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །

 

གནས་སྐབས་སུའང་ལེགས་བྱས་མཆོག་འདིའི་མཐུས། །

རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་མེད། །

ཆར་ཆུ་དུས་འབེབས་ལོ་ཕྱུག་རྟག་ཏུ་ལེགས། །

མངོན་མཐོའི་ཡོན་ཏན་མཆོག་གིས་འབྱོར་གྱུར་ཅིག །

 

རྟེན་མཆོག་འདི་དག་གང་གིས་མཐོང་བ་དང་། །

ཐོས་དང་དྲན་དང་ཕྱག་མཆོད་བཀུར་སྟི་བགྱིས། །

ཐ་ན་རླུང་ཙམ་གྱིས་རེག་འགྲོ་བ་ཀུན། །

གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་གྲུབ་ཤོག །

 

འདི་བཞེངས་ཚེ་ན་ལུས་ངག་ཡིད་གསུམ་གྱིས། །

འབྲེལ་བ་ཐོགས་པའི་རྟ་ཕྱུག་དུད་འགྲོ་ཡན། །

ཞོར་ལ་ཤི་བའི་སྲོག་ཆགས་ཕྲ་མོ་ཚུན། །

ཀུན་ཀྱང་ཐར་པའི་ས་བོན་ཐེབས་གྱུར་ཅིག །

 

གཙུག་ལག་ཁང་ནི་ཆོས་བཞིན་ལེགས་བསྒྲུབ་པའི། །

བསླབ་པའི་གནས་ཀུན་འབད་མེད་ལོབ་རྐྱེན་ཞིང་། །

བསྒྲུབ་པའི་ལས་ཀུན་ཐོགས་པ་མེད་པར་འགྲུབ། །

མཆོག་ཐུན་དངོས་གྲུབ་དཔལ་ལོ་ད་གྱུར་ཅིག །

 

ཆོས་དང་ཟང་ཟིང་ལོངས་སྤྱོད་རྒྱ་ཆེ་ཞིང་། །

དལ་བའི་རྟེན་མཆོག་ལེགས་པར་འཚོ་ནུས་པའི། །

མཐའ་གཉིས་སྤངས་པའི་ཟས་གོས་གནས་མལ་ལ། །

བརྟེན་ནས་ཐར་ལམ་བྱང་ཆུབ་སྒྲུབ་གྱུར་ཅིག །

 

འདུས་པའི་སྡེ་ཀུན་ཐོས་བསམ་བསྒོམ་གསུམ་གྱི། །

མཛད་བཟང་ཡར་ངོའི་ཟླ་ལྟར་གོང་འཕེལ་ནས། །

རྒྱལ་བ་དགྱེས་པའི་ལམ་མཆོག་སྲིད་མཐར་ཡང་། །

མི་ཉམས་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །

 

བསྟན་ལ་དགའ་བའི་དཀར་ཕྱོགས་ལྷ་ཀུན་དང་། །

མཐུ་ཆེན་དམ་ཅན་དྲེགས་པའི་ཚོགས་རྣམས་ཀྱིས། །

རྟག་ཏུ་གཡེལ་མེད་མེལ་ཚེས་ལེགས་བསྲུང་ཞིང་། །

ཕུན་སུམ་ཚོགས་པའི་དཔལ་ཀུན་སྡུད་གྱུར་ཅིག །

 

བསྟན་ལ་སྡང་དང་བསྟན་འཛིན་ལ་འཁུ་དང་། །

དགེ་འདུན་འདུས་པའི་ཞལ་དུ་འདུ་བའི་སྒོ། །

རྐུ་དང་འཕྲོག་པའི་མ་རུང་ལས་ཅན་ལ། །

མངོན་སྤྱོད་དམོད་པའི་རྣོ་དབལ་འབར་གྱུར་ཅིག །

 

མཐར་ཐུག་དཀར་ནག་ལས་ཀྱིས་འབྲེལ་ཚད་ཀུན། །

ཡང་དག་ཐར་པའི་ལམ་གྱི་སྣོད་གྱུར་ནས། །

ཀུན་ཀྱང་ཐེག་གསུམ་ལམ་གྱི་ངེས་འབྱུང་ལ། །

བརྟེན་ནས་འཁོར་བའི་རྒྱ་མཚོ་སྟོང་གྱུར་ཅིག །

 

འདི་ན་བཤད་སྒྲུབ་རྒྱལ་བསྟན་གནས་བཞིན་དུ། །

བསྟན་སྲུང་ཚོགས་ཀྱིས་མེལ་ཚེ་གཡེལ་གྱུར་ན། །

རྒྱལ་བའི་བཀའ་དང་རྡོ་རྗེའི་དམ་འགལ་བའི། །

བཀའ་ཆད་དྲེགས་སྡེའི་སྙིང་ལ་འབབ་པར་ངེས། །

 

དེ་སླད་མ་གཟའ་རྡོར་སོགས་སྲུང་མའི་ཚོགས། །

ཇི་སྙེད་གཙུག་ལག་ཁང་འདིར་རྟག་བཞུགས་ནས། །

ལེགས་སྤེལ་ཉེས་སྐྱོབས་འགལ་བྱེད་ཆམས་ལ་ཕོབས། །

ཕྲིན་ལས་རྣོ་དབལ་འཕྲལ་དུ་མངོན་སུམ་མཛོད། །

 

ཅེས་གཙུག་ལག་ཁང་ཆེན་བཞེངས་སྐབས་ཀྱི་ཞལ་འདེབས་ཇི་ལྟར་བྱུང་ཐོའི་མཇུག་སྨོན་ཚིག་ཉུང་ངུ་འདིའང་ཐེག་གསུམ་ཆོས་གྲྭས་བཟུང་བའི་དབེན་གནས། ཤྲཱི་སེང་ནས་དཔལ་སྤྲུལ་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept