Zhabdrung Ngawang Namgyal Guru Yoga—Tibetan

Practices › Guru Yoga | བོད་ཀྱི་བླ་མ།གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན། | བོད་ཀྱི་བླ་མ།དགེ་འདུན་རིན་ཆེན། | བོད་ཀྱི་བླ་མ།ཞབས་དྲུང་ངག་དབང་རྣམ་རྒྱལ།

English | བོད་ཡིག

གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན།

ཞབས་དྲུང་ངག་དབང་རྣམ་རྒྱལ།

Further information:
Download this text:

༁༔ ༔དཔལ་ལྡན་འབྲུག་པ་ངག་དབང་རྣམ་རྒྱལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་ལྕགས་སྡོང་མ་ཞེས་བྱ་བ་བཞུགས་སོ།།

 

༁༔ ༔ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔

སྐུ་གསུམ་ལྷུན་གྲུབ་མཧཱ་གུ་རུ་ཡི༔ 
ཐུགས་ཟབ་བཅུད་བསྡུས་འཆི་མེད་སྒྲུབ་པའི་ཐབས༔ 
མན་ངག་ཡང་སྙིང་གདམས་པའི་རྒྱལ་པོ་འདི༔ 
ཉམས་སུ་ལེན་པའི་རིམ་པ་མཆོག་གྱུར་པ༔ 
ངོ་བོ་མ་ནོར་གོ་རིམ་མ་འཁྲུགས་པར༔

གནད་དུ་ཆེ་བའི་རང་ཉིད་རྟ་མཆོག་བསྐྱེད༔ 
སྤྱི་བོར་བླ་མ་ངག་གི་རྣམ་ཅན་ཚུལ༔ 
ཐུགས་ཀར་པད་འབྱུང་རིགས་བདག་ཚེ་མཐའ་ཡས༔

དབྱེར་མེད་གཅིག་འདྲེས་མཁའ་འགྲོའི་སྙིང་གི་ཐིག༔ 
འཆི་མེད་མཆོག་སྦྱིན་བླ་མའི་རྣལ་འབྱོར་འདི༔ 
དུས་ངན་སྙིགས་མ་ལྔ་བདོ་ཆེར་སྙིགས་དུས༔ 
བསྒོམ་པའི་བཀའ་བབས་བསྟན་འགྲོའི་གསོས་སུ་སྨིན༔ 
མཐའ་དམག་བཟློག་བྱེད་གཡུལ་འཁྲུག་ཞི་བ་དང་༔ 
མི་ཕྱུགས་ནད་རིགས་ཀུན་ཞི་བཤད་སྒྲུབ་འཕེལ༔ 
ཚེ་བསོད་སྟོབས་འབྱོར་མངའ་ཐང་རིགས་བརྒྱུད་རྒྱས༔ 
ཆོས་བཞིན་སྤྱོད་པའི་འབྱོར་ལྡན་ས་སྐྱོང་གི༔ 
སྐུ་ཚེ་འགལ་རྐྱེན་ཞི་ཞིང་བཞེད་དོན་འགྲུབ༔ 
འབངས་རྣམས་དགེ་བཅུའི་ལས་ལ་བརྩོན་པ་དང་༔ 
མཐར་ཐུག་པདྨ་འོད་དུ་སྐྱེ་བ་སོགས༔

ཕན་ཡོན་གདོན་མི་ཟ་བར་འབྱུང་བས་ན༔ 
ངེས་པར་ཉམས་སུ་ལོངས་ཤིག་རིགས་ཀྱི་བུ༔

ཞེས་གསུངས་པས་ཡང་ཟབ་བླ་མའི་རྣལ་འབྱོར་འཆི་མེད་སྲོག་སྒྲུབ་ལྕགས་སྡོང་མ་འདི་ཉིད་ཉམས་སུ་ལེན་པར་བྱ་བ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔

དང་པོ་སྐྱབས་འགྲོ་ནི༔

བདག་དང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ༔

སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐབས་སུ་མཆིའོ༔

བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ༔

རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ༔

སེམས་བསྐྱེད་ནི༔

སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་སྙིགས་དུས་ཀྱི་ཚེ་ཐུང་འདི་ཉིད་ལ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ༔

དེ་ཡི་ཆེད་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་སྲོག་ཏུ་བཟུང་ནས་འཆི་མེད་ཚེའི་རིག་འཛིན་སྒྲུབ་པར་བྱའོ༔

གཉིས་པ་དངོས་གཞི་ནི༔

ཀ་དག་ལྷུན་གྲུབ་ཆོས་སྐུའི་ཀློང་ནས་རང་རྩལ་མ་འགགས་དྲན་རྫོགས་ཀྱི་རང་ཉིད་རྟ་མཆོག་རོལ་པ་སྐུ་མདོག་དམར་ནག་རབ་ཁྲོས་སྲིན་པོའི་གཟུགས་ཅན་ཕྱག་གཡས་དབྱུག་པ་གཡོན་སྡིགས་མཛུབ་ཀྱི་རྩེ་ནས་མེ་རབ་ཏུ་འབར་བས་གདོན་བགེགས་རྣམས་བརླག་པར་བྱེད་པ༔

ཞབས་གཉིས་དོར་སྟབས་ཀྱིས་རུ་ཊྲ་ཕོ་མོ་སྙིང་ག་ནས་བརྫིས་ཤིང་༔

དབུ་གཙུག་ཏུ་རྟ་མགོ་ལྗང་ཁུ་རྟ་སྐད་འཚེར་བ་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ༔

སྤྱི་བོར་འཇའ་འོད་ཀྱི་གུར་ཁྱིམ་འཁྲིག་པའི་ཀློང་ན་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་སྟེང་ན་ཁྲི་གཉན་ས་ལེའི་པགས་པའི་སྟེང་༔

སྒྱུ་འོད་ཟུང་གསུམ་མཚོན་པའི་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ༔

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རྡོ་རྗེ་འཆང་ངག་དབང་རྣམ་རྒྱལ་སྐུ་མདོག་དཀར་ལ་དམར་བའི་མདངས་རབ་ཏུ་ཆགས་པ༔

སྤྱན་འབུར་ཚུགས་སུ་གཟིགས་ཤིང་ཞལ་ཁྲོ་འཛུམ་གྱི་ཉམས་ཅན་སྨིན་མ་སྨ་ར་ཞལ་རྒྱན་ཨོག་ཚོམ་རྣམས་སྔོ་འཁྱུག་པ་རིང་དུ་འཕྱང་བ༔

ལྟོ་བ་ལྡིར་བས་སྐྱིལ་ཀྲུང་ནོན་པ༔

སྐུ་དྲང་ཞིང་སྐུ་ཤ་རྒྱས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ༔

སྐུ་ལ་ཆོས་གོས་གསུམ་དང་བཀྲ་ཤིས་པའི་རི་མོས་མཛེས་པའི་བེར་ཟླུམ་བཟང་པོས་ཀླབས་པ༔

ཤེས་རབ་སྟོང་པ་ཉིད་མཚོན་པའི་སྒོམ་ཐག་དམར་པོ་ཆིངས་ཤིང་༔

དབུ་ལ་སྒོམ་ཞྭ་དམར་པོ་གསེར་གཡུ་མུ་ཏིག་གི་ཕྲ་ཅན་མཛེས་པར་གསོལ་བ༔

ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ཚེའི་བུམ་པ་དམར་པོ་དཔག་བསམ་གྱི་ཤིང་མེ་ཏོག་འབྲས་བུས་རབ་ཏུ་མཛེས་པའི་ཁ་རྒྱན་ཅན་བསྣམས་པ༔

སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན༔

དེའི་ཐུགས་ཀར་ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོ་ཨ་ཙ་ར་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་༔

གཡོན་མཉམ་བཞག་གི་སྟེང་ན་ཀཱ་པ་ལ་གྲུ་མོ་གཡོན་ན་ཁ་ཊཱཾ་ག་བསྣམས་པ༔

ན་བཟའ་ཆོས་གོས་གསུམ་དང་ལྡན་པ་པཎ་ཞྭ་དམར་སྨུག་གསོལ་ཞིང་པཎྜི་ཏའི་ཆ་བྱད་ཅན་ཞབས་རོལ་སྟབས་ཀྱིས་བཞུགས་པ༔

ཐུགས་ཀར་ཐིག་ལེ་དྭངས་མ་དཀར་དམར་ཁ་སྦྱར་གྱི་དབུས་སུ་ཟླ་གདན་ལ་ཧྲཱིཿཡིག་དམར་སེར་རིང་ཆ་ཚེག་དྲག་དང་བཅས་པ༔

བླ་མའི་སྤྱི་བོར་འཇའ་འོད་ཀྱི་གུར་ཁྱིམ་འཁྲིགས་པའི་ཀློང་ན་རིགས་བདག་སྣང་མཐའ་ཚེ་དཔག་མེད་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ༔

ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ༔

བླ་མའི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས་པས་སྟེང་ཕྱོགས་ཡོན་ཏན་བཀོད་པའི་ཞིང་དང་༔

ལྷོ་ནུབ་རྔ་ཡབ་གླིང་༔

འབྲུག་ཡུལ་ཀུན་བཟང་བདེ་ཆེན་གནས་སོགས་ནས་བླ་མ་རིན་པོ་ཆེ་ལ་འཆི་མེད་རིག་འཛིན་བརྙེས་པའི་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས༔

བདག་གི་བླ་མ་ངག་དབང་རྣམ་པར་རྒྱལ༔

ཡོན་ཏན་བཀོད་དང་རྔ་ཡབ་ཀུན་བཟང་སོགས༔

ཞིང་ཁམས་རྣམ་དག་གང་ན་བཞུགས་གྱུར་ཀྱང་༔

སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ༔

ཛཿཧཱུྃ་བཾ་ཧོཿ

བླ་མ་ལྷ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔

འཆི་མེད་དཔལ་སྟེར་ཚེ་དཔག་མེད་མགོན་དང་༔

གངས་ཅན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་༔

བཀའ་དྲིན་མཉམ་མེད་ངག་དབང་རྣམ་རྒྱལ་ལ༔

ཕྱག་འཚལ་བདེ་ཆེན་དངོས་གྲུབ་སྩལ་དུ་གསོལ༔

ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འབུལ༔

སྒོ་གསུམ་སྡིག་ལྟུང་མ་ལུས་སོ་སོར་བཤགས༔

མགོན་ཁྱོད་རྣམ་དཀར་མཛད་ལ་རྗེས་ཡི་རངས༔

རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཕྱིར་དུ༔

ནམ་མཁའ་ཇི་སྲིད་བརྟན་པར་བཞུགས་གསོལ་འདེབས༔

བདག་དང་སྲིད་ཞིའི་ལེགས་ཚོགས་མ་ལུས་པར༔

བདེ་ཆེན་ཟུང་འཇུག་ཐོབ་པའི་རྒྱུ་རུ་བསྔོ༔

བདེ་ཆེན་འཆི་མེད་དཔལ་སྟེར་ཚེ་མཐའ་ཡས༔

བདེ་ཆེན་འཇའ་ལུས་སྐུ་བརྙེས་པདྨ་འབྱུང་༔

བདེ་ཆེན་གྲུབ་དབང་ངག་དབང་རྣམ་པར་རྒྱལ༔

ཤུགས་དྲག་གུས་པས་གསོལ་བཏབ་བསླུ་བ་མེད༔

གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ༔

བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ༔

ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས༔

འཇའ་ལུས་འོད་སྐུ་འགྲུབ་པར་བྱིན་གྱིས་རློབས༔

འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས༔

ས་སྐྱོང་མི་དབང་སྐུ་ཚེ་བརྟན་པ་དང་༔

ཆབ་སྲིད་མངའ་ཐང་རྒྱས་པར་བྱིན་གྱིས་རློབས༔

དེ་ནས་འཇིག་རྟེན་དབང་ཕྱུག་ནས་འཚོ་ཞིང་གཞེས་པར་གྱུར་ཅིག་གུ །ཞེས་ལན་བདུན་ནམ་ཉེར་གཅིག་བརྒྱ་སྟོང་སོགས་གང་མང་གི་སྒོ་ནས་གསོལ་བ་ཤུགས་དྲག་ཏུ་བཏབ་ལ་གནད་དུ་ཆེ༔

འཆི་མེད་རྡོ་རྗེའི་སྐུ་བརྙེས་པ༔

པདྨ་དཔལ་གྱི་སྙིང་པོ་ལ༔

གུས་པ་ཆེན་པོས་གསོལ་བ་འདེབས༔

རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔

ཞེས་ལན་བདུན་ཉེར་གཅིག་སོགས་ཀྱིས་གསོལ་བ་ཤུགས་དྲག་ཏུ་བཏབ།

བླ་མའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་བདག་དང་སྦྱིན་པའི་བདག་པོ་རྣམས་ཀྱི་ཚེ་དང་བསོད་ནམས་སོགས་གཞན་གྱིས་བརྐུས་པ༔ ཡར་བ༔ འཐོར་བ༔ བླ་འགུགས་པ༔ གཏད་དུ་བཅུག་པ་སོགས་གང་ན་ཡོད་པ་ཐམས་ཅད་བཅིངས་པ་རྣམས་བཀྲོལ་ཏེ་བཀུག་ནས༔

སྤྱི་བོའི་རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་གི་ཚེ་བུམ་དང་༔ བླ་མའི་ཕྱག་གི་ཚེ་བུམ་དང་༔ ཐུགས་ཀའི་སློབ་དཔོན་ཆེན་པོའི་ཕྱག་གི་ཐོད་པའི་ནང་དུ་ཐིམ༔

བདུད་རྩི་འཁོལ་ཏེ་ལུད་པ་རང་གི་སྤྱི་གཙུག་ནས་ཞུགས་པས་ལུས་ཀྱི་རྩ་ཐམས་ཅད་དང་༔

ཁྱད་པར་རང་གི་སྙིང་ཁའི་ཧྲཱིཿཡིག་གི་གུའི་ནང་དུ་སྐལ་ལྡན་གྱི་བསྒྲུབ་བྱ་ཐ་མལ་པའི་རྣམ་པ་ཅན་དུ་གནས་པའི་ཤངས་བུག་གཡས་པ་ནས་ཞུགས༔

ལུས་ཀྱི་ནང་ཐམས་ཅད་གང་༔ རང་དང་བསྒྲུབ་བྱའི་ཚེ་དང་བསོད་ནམས་ཉམས་པ་གསོས༔

ཆད་པ་རྣམ་འཐུད༔ ཟད་པ་རྣམས་གསོས་ཏེ་འཕེལ་བར་བྱས་ནས་འཆི་མེད་ཚེའི་དངོས་གྲུབ་དམ་པ་ཐོབ་པར་གྱུར་པར་བསམ་མོ༔

ཡང་འཇིག་རྟེན་དབང་ཕྱུག་ལན་གསུམ་མམ་བདུན་སོགས་ཀྱི་གསོལ་བཤུགས་དྲག་ཏུ་བཏབ༔

བླ་མའི་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔

རྩ་གསུམ་རྒྱལ་བ་ཞི་ཁྲོ་རྣམས་ཀྱི་སྐ་གསུང་ཐུགས་ཀྱི་བྱིན་རླབས་མཐུ་སྟོབས་ནུས་པ་ཕུན་ཚོགས་ཐམས་ཅད་དང་༔

འཇིག་རྟེན་ན་མིའི་ཁྲོད་ན་དབང་ཆེ་བ་འཁོར་ལོ་བསྒྱུར་རྒྱལ་དང་འདོད་གཟུགས་ཀྱི་ལྷའི་ནང་ན་དབང་ཆེ་བ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བདུད་རྩི་དམར་པོ་འོད་ཟེར་དང་བཅས་པའི་རྣམ་པར་བཀུག་ནས༔

སྤྱི་བོའི་རིགས་བདག་ཚེ་དཔག་མེད་དང་བླ་མའི་ཐུགས་ཀའི་སློབ་དཔོན་བཅས་ཀྱི་ཕྱག་མཚན་ཚེ་བུམ་ཐོད་པའི་ནང་དུ་སིབ་སིབ་བབས་པ་འཁོལ་བའི་ཁ་ནས་ཕྱིར་ལུད་པ༔ རང་ཉིད་རྟ་མགྲིན་དུ་གསལ་བའི་རྩ་དབུ་མ་ནས་ཞུགས་པས་སྙིང་ཁའི་བསྒྲུབ་བྱའི་སྣ་བུག་གཡས་ནས་ཞུགས་ཏེ་ལུས་གང་༔

དེ་ལས་རིམ་པས་རང་གི་ལུས་ཀྱི་རྩའི་སྦུབས་དང་ཆ་ཐམས་ཅད་བདུད་རྩིས་གཏམས་པས་ཚེ་དང་བསོད་ནམས་སོགས་ལུང་རྟོགས་ཀྱི་ཡོན་ཏན་རྒྱས༔ གཞན་དོན་དུ་སྐྱེ་འཆི་མེད་པར་ཚེའི་དངོས་གྲུབ་ཐོབ་པར་གྱུར༔

ཨོཾ་ཨཱཿ གུ་རུ་ཝ་གིནྡྲ་བི་ཛ་ཡ་ཨ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔

ཞེས་གྲུབ་དབང་ངག་དབང་རྣམ་རྒྱལ་གྱི་མཚན་སྔགས་གསོལ་འདེབས་བརྒྱ་སྟོང་ཁྲི་འབུམ་སོགས་གང་མང་བཟླ་བ་ནི་བྱིན་རླབས་ཀྱི་ཚན་ཀ་ཤིན་ཏུ་ཆེ་བ་ཡིན་ནོ༔

དེ་ནསབཛྲ་གུ་རུ་གང་མང་དང་༔

ཨོཾ་ཨཱ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱཧཱ༔

ཞེས་གཙོ་བོར་བཟླ༔ གཟུངས་རིང་ལན་བདུན་སོགས་གང་འཕྲོད་བཟླ༔

དགེ་བ་འདི་ཡིས་མྱུར་དུ་བདག༔

བླ་མ་སངས་རྒྱས་འགྲུབ་གྱུར་ནས༔

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག །

ཞེས་སོགས་ཀྱིས་དགེ་བ་བསྔོ༔

 

ཐུགས་རྗེ་མྱུཪ་བསྐུལ་གསོལ་འདེབས་ནི༔

རྡོ་རྗེ་གསུམ་དབྱེར་མེད་པ་བླ་མ་ལྷ༔

ངག་དབང་རྣམ་རྒྱལ་བདག་གི་མྱུར་ཐོབ་ནས༔

བྱིན་རླབས་ཆེན་པོས་འགྲོ་བ་མ་ལུས་པ༔

དེ་ཡི་ས་ལ་འགོད་པར་བྱིན་གྱིས་རློབས༔

 

བདེ་ཆེན་དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔

བླ་མ་རྡོ་རྗེ་འཆང་དུ་ལེགས་མཐོང་ནས༔

གུས་པ་ཆེན་པོས་ཚུལ་བཞིན་བསྟེན་པ་དང་༔

འཁོར་བའི་ཆོས་ལ་ཞེན་པ་ལྡོག་པ་དང་༔

བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་བརྟན་ཅིང་༔

བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་ཏིང་འཛིན་མཆོག༔

མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔

 

བརྩེ་ཆེན་ཁྱོད་ལ་གསོལ་བ་བཏབ་པའི་མཐུས༔

ཉིན་མཚན་དམ་པའི་ཆོས་ཀྱིས་དུས་འདའ་ཞིང་༔

དམ་ཆོས་ཚུལ་བཞིན་སྒྲུབ་པའི་མཐུན་རྐྱེན་མཆོག༔

བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག༔

 

བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་པ་ལ༔

སྐྱོན་གྱི་སྣང་བ་ཅུང་ཟད་མི་སྐྱེ་ཞིང་༔

ཡོན་ཏན་མཐོང་བའི་དད་པ་ཆེན་པོ་ཡིས༔

མཆོག་དང་ཐུན་མོང་དངོས་གྲུབ་མྱུར་ཐོབ་ཤོག༔

 

བདག་ནི་མཐོང་ཐོས་དྲན་རེག་སྐྱེས་བུ་རྣམས༔

ཚེ་ཡི་མཐར་ཡང་ངག་དབང་རྣམ་རྒྱལ་དཔལ༔

འཁོར་དང་བཅས་པ་མཐོང་ནས་དེ་མ་ཐག༔

བུ་བུ་བདེ་བ་ཅན་དུ་འགྲོའོ་ཞེས༔

མཐར་ཐུག་གསུང་གི་སྣང་བ་ཐོབ་པར་ཤོག༔

 

རྒྱལ་བ་ཀུན་གྱིས་གསུངས་པའི་ཐེག་པ་མཆོག༔

ཧེ་རུ་ཀ་དཔལ་ལ་སོགས་ཡི་དམ་ལྷའི༔

རིམ་གཉིས་ཆ་ལག་བཅས་པའི་རྟོགས་པ་རྣམས༔

ཚེ་འདི་ཉིད་ལ་མངོན་དུ་རབ་གྱུར་ནས༔

འགྲོ་ཀུན་བདེ་ཆེན་གནས་ལ་འགོད་པར་ཤོག༔

 

གསུམ་པ་མཇུག་བསྡུ་བ་ནི༔

དཔལ་ལྡན་ངག་དབང་རྣམ་རྒྱལ་རིན་པོ་ཆེ༔

འཆི་མེད་རིག་འཛིན་ཐོབ་པར་བྱིན་གྱིས་རློབས༔

ལུས་ངག་ཡིད་ཀྱི་སྡིག་སྒྲིབ་ཀུན་བྱང་སྟེ༔

གསང་བ་གསུམ་གྱི་བྱིན་གྱིས་བརླབ་ཏུ་གསོལ༔

ཞེས་གསོལ་བ་བཏབ་པས༔

རིགས་བདག་ཚེ་དཔག་མེད་བླ་མའི་སྤྱི་གཙུག་ནས་ཞུགས༔

ཐུགས་ཀའི་སློབ་དཔོན་པདྨ་འབྱུང་གནས་ལ་ཐིམ༔

བླ་མ་ཡང་རང་ཉིད་དཔའ་བོ་རྟ་མགྲིན་དུ་གསལ་བའི་སྤྱི་གཙུག་ནས་ཞུགས༔

སྙིང་ཁའི་མི་ཤིགས་པའི་ཐིག་ལེ་གའུ་ཁ་སྦྱར་གྱི་དབུས་སུ་རང་སེམས་ཤིན་ཏུ་ཕྲ་བའི་རླུང་སེམས་ལ་ཐིམ་པས་ཐུགས་ཡིད་གཅིག་ཏུ་འདྲེས༔

སྙིང་དབུས་འདབ་བརྒྱད་ཀྱི་ལྟེ་བར་རང་སེམས་བླ་མའི་སྐུར་ལམ་གྱིས་བཞེངས༔

འཆི་མེད་ཟུང་འཇུག་ཚེ་དབང་རིག་འཛིན་གྱི་དངོས་གྲུབ་དམ་པ་ཐོབ་པར་གྱུར༔

ད་དུང་དམིགས་ཁྲིད་ཐུན་མོང་མ་ཡིན་པ་དང་། ལམ་འདི་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཐབས་ཆེས་མྱུར་བ་ཡང་ཡོད་པས། བཤེས་གཉེན་མཉེས་པར་བྱེད་པའི་ཞལ་ལས་ཤེས་དགོས་སོ། །

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

 

འགྲོ་ལ་ཕན་བདེ་འབྱུང་བའི་གཞི་གཅིག་པུ༔

དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ༔

ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་༔

འགྲོ་ཀུན་ཐབས་མཁས་དེ་ཡིས་གྲོལ་གྱུར་ཅིག༔

 

ཡུལ་ལྗོངས་སྤྱི་དང་བྱེ་བྲག་འབྲུག་ཡུལ་འདིར༔

མི་མཐུན་ཉེར་འཚེའི་མིང་ཡང་མི་གྲགས་ཤིང་༔

ས་སྐྱོང་མི་དབང་ཆབ་སྲིད་བརྟན་པ་དང་༔

འབངས་རྣམས་དགེ་བཅུའི་དཔལ་ལ་སྤྱོད་གྱུར་ཅིག༔

 

ཧེ་རུ་ཀ་དཔལ་ངག་དབང་རྣམ་རྒྱལ་ཞབས༔

ཡིད་ལ་གང་འདོད་དངོས་གྲུབ་མ་ལུས་པ༔

འབེབས་མཛད་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང་༔

ཕྱག་བཞི་མགོན་པོ་དཔལ་ལྡན་དུད་སོལ་མས༔

འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཅིག་ཅར་དུ༔

ལེགས་པར་སྒྲུབ་པར་བྱེད་པའི་བཀྲ་ཤིས་ཤོག༔

 

ཤིན་ཏུ་ཟབ་པའི་མན་ངག་ཨྀཐི༔

 

ཅེས་མཁྱེན་བརྩེ་ནུས་པའི་རང་གཟུགས་དཔལ་ལྡན་འབྲུག་པ་དཀར་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་ཆེན་པོ་རྗེ་བླ་མ་རྡོ་རྗེ་འཆང་བཀའ་དྲིན་མཚུངས་མེད་མཚན་བརྗོད་པར་དཀའ་བ་ངག་དབང་རྣམ་རྒྱལ་དཔལ་བཟང་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཡང་ཟབ་འཆི་མེད་སྲོག་སྒྲུབ་ལྕགས་སྡོང་མ་དངོས་གྲུབ་ཀུན་འབྱུང་འདི་ཡང་ཆུ་འབྲུག་སྤྲེལ་ཟླ་ཚེས་བཅུའི་ཆར་དུས་གསུམ་རྒྱལ་ཀུན་འདུས་ཞལ་གྲུབ་དབང་པདྨ་སམྦྷ་བའི་སྒྲུབ་གནས་འབྲུག་བུམ་ཐང་སྐུ་རྗེའི་མདུན་སར། འདྲེན་མཆོག་ངག་དབང་རྣམ་རྒྱལ་གྱིས་མཛད་པའི་བླ་མ་དགོངས་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཕྱི་ནང་གསང་བའི་མཆོད་སྤྲིན་དང་ཚོགས་ཀྱི་མཆོད་པ་རྒྱ་ཆེར་བགྱིས་པའི་བྱིན་མཐུ་ལས། ཟར་ཟིར་གྱི་སྣང་བ་ལ་ཀུན་གཟིགས་ཆེན་པོ་ངག་དབང་རྣམ་རྒྱལ་གྱིས་དངོས་སུ་བྱིན་གྱིས་བརླབས་པའི་མཚན་མ་ཅུང་ཟད་བརྙེས་ཁ་ཙམ་དུ་མ་ཟད། ཞལ་སྒོ་ལས་གསུང་གི་བདུད་རྩི་སྔ་ཕྱིའི་རིམ་པ་མང་ཙམ་མྱོང་ན་ཡང་ཐམས་ཅད་ཡི་གེར་འགོད་པ་ག་ལ་ནུས། །ཁྱད་པར་ལྔ་བཅུ་ཁ་རལ་གྱི་དུས་འདིར་རང་གཞན་ཀུན་ཉོན་མོངས་ཆེས་ཆེར་རགས་པའི་སྟོབས་ཀྱིས་བསྟན་འགྲོའི་ཕན་བདེ་རི་བོའི་ཕག་ཏུ་ནུབ་ལ་ཉེ་བའི་མཚན་མ་མངོན་དུ་གྱུར་ན། མཐའ་ཡི་དམག་འཁྲུག་བཟློག་པ་དང་། བསྟན་འགྲོའི་ཕན་བདེ་སྤྱི་དང་བྱེ་བྲག་འབྲུག་པ་དཀར་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་དགེ་འདུན་གྱི་སྡེ་རྣམས་བཤད་སྒྲུབ་འཆད་ཉན་འཕེལ་ཞིང་སྐུ་ཚེ་རིང་དུ་གནས་པ་དང་། དེ་དང་ཕྱོགས་མཚུངས་ས་སྐྱོང་མི་དབང་འདི་ཉིད་ཀྱིས་གཙོས་པའི་ཆོས་བློན་འབངས་བཅས་ཀྱི་སྐུ་ཚེ་བརྟན་ཅིང་ཆབ་སྲིད་མངའ་ཐང་ཡུན་རིང་དུ་གནས་པ་དང་། འགལ་རྐྱེན་དམ་སྲི་ཉེར་འཚེའི་རིགས་མཐའ་དག་དམིགས་མེད་ཆོས་དབྱིངས་སུ་ཞི་བ་སོགས་དགོས་པ་ཁྱད་པ་ཅན་དུ་གཟིགས་ནས། མྱུར་དུ་ཡི་གེའི་ལམ་དུ་སྤེལ་ཆོག་པའི་བཀའི་མཚན་མ་ཅུང་ཟད་བརྙེས་པ་ལ་བརྟེན། ཤཱཀྱའི་རིང་ལུགས་འཛིན་པ་སྐྱེ་མིང་ངག་དབང་ཚུལ་ཁྲིམས་དོན་ལྡན་ནམ་གསང་མཚན་པདྨ་རྡོ་རྗེ་དགྱེས་རོལ་མི་བསྐྱོད་རྒྱལ་པོ་བདག་གིས། འབྲུག་བུམ་ཐངགི་གནས་སྐུ་རྗེའི་མདུན་སར་སྤེལ་བའི་ཡི་གེ་པ་ནི་ཚེ་རབས་དུ་མར་དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ་ལ་དད་མོས་ཀྱིས་མཚམས་སྦྱར་ཤིན་ཏུ་བཟང་ཞིང་གྲུབ་དབང་ངག་དབང་རྣམ་རྒྱལ་གྱི་ཐུགས་རྗེས་ཉེ་བར་བསྐྱངས་པས། སློབ་བུའི་སྐྱེ་འཕྲེང་འཛིན་པ་སྲུང་འཁོར་པ་ཡེ་ཤེས་བཟང་པོས་སྤེལ་ལོ། །སྣོད་མིན་ལ་ཤིན་ཏུ་གསང་བ་གལ་ཆེ་བ་ཡིན་ནོ། །

དགེ་འདིས་དཔལ་ལྡན་འབྲུག་པ་དཀར་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept