Record of Teachings Received—Tibetan
༄༅། །ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པ་དང་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་བཀའ་འབུམ་གྱི་ཐོབ་ཡིག་རིན་ཆེན་སྙེ་མ་བཞུགས་སོ།།
ཞེ་ཆེན་གོ་སྒྲིག་ཚོགས་ཆུང་ནས་བསྒྲིགས།
རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ་བླ་མ་ཞེ་ཆེན་རབ་འབྱམས་༧འགྱུར་མེད་ཆོས་ཀྱི་སེངྒེ་དཔལ་བཟང་པོ་གང་ཉིད་ཀྱིས་གསན་པའི་སྐབས་སུ་ཡུམ་བཀའི་ནང་སྒྲུབ་བདེ་ཆེན་གཏེར་བུམ་ལ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཏེར་ཞིག་ཡོད་པ་དེའི་དཔེ་དུས་འགྱུར་རྗེས་མ་འབྱོར་པ་ལས། གཞན་རྩ་བ་ཡན་ལག་གི་ཆོས་བཀའ་ཚང་བ་གསན་ཅིང་། དེང་གི་ཆར་བདག་ཅག་རྣམས་ལ་ཀློང་སྙིང་ཆོས་སྐོར་རྩ་བ་ཡོངས་རྫོགས་ཀྱི་དབང་བསྐུར་ལག་ལེན་ཆོག་སྒྲིགས་དིལ་མཁྱེན་རིན་པོ་ཆེས་མཛད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན་ནང་གསལ་ལྟར་གཅིག་ཀྱང་མ་ལུས་པར་བཀའ་དྲིན་བསྩལ་གནང་མཛད་པའི་རྩ་བའི་ཆོས་སྐོར་གྱི་བརྒྱུད་རིམ་སྤྱི་ཁྱབ་རིང་འདྲེན་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སེང་ཧ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་འབྱུང་གནས། རྗེ་རྒྱལ་ཁྲི་སྲོང་ལྡེའུ་བཙན། འབངས་བཻ་རོ་ཙ་ན། གྲོགས་ཡེ་ཤེས་མཚོ་རྒྱལ། གདོད་མའི་མགོན་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས། དེ་ལས་ཞལ་གཟིགས་ལན་གྲངས་དང་འབྲེལ་དགོངས་པའི་ཉེ་བརྒྱུད་ཀྱི་བྱིན་རླབས་མ་ལུས་ཆིག་རྫོགས་སུ་ཐོབ་པ་ཀུན་མཁྱེན་གཉིས་པ་རིག་འཛིན་འཇིགས་མེད་གླིང་པ་དང་། དེའི་ཐུགས་སྲས་རྡོ་གྲུབ་སྐུ་ཕྲེང་དང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར། ཡབ་སྲས་དེ་གཉིས་ཀ་ལས་སེམས་དཔའ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ། དེ་ལས་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་རམ་པདྨ་རྡོ་རྗེ་དང་།
ཡང་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་ལས། གྲུབ་པའི་དབང་ཕྱུག་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། ཧེ་རུ་ཀཿདཔལ་མདོ་མཁྱེན་བརྩེ་འཇིགས་མེད་ཡེ་ཤེས་རྡོ་རྗེ། རྒྱལ་བསྟན་ཤིང་རྟ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་གསུམ་ཀས་གསན། དེ་གསུམ་ཀ་ལས་ཀྱང་མཁན་ཆེན་པདྨ་བཛྲས་གསན། དེ་ལས་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསན། དེ་ལས་ཨ་འཛོམས་འབྲུག་པ་འོད་གསལ་སྣ་ཚོགས་རང་གྲོལ། དེས་ཀུན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས། དེས་དིལ་མཁྱེན་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན། དེ་ལས་ཞེ་ཆེན་རབ་འབྱམས་༧མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་སེངྒེས་ལན་གྲངས་མང་དུ་གསན་པའོ།།
ཡང་། རིགས་འདུས་དབང་རྒྱས་པ་རྡོ་གྲུབ་གསུང་། སྡུག་བསྔལ་རང་གྲོལ་དབང་རྒྱས་པ། རིགས་བདག་འོད་དཔག་མེད་དང་མཁའ་འགྲོ་བདེ་རྒྱལ། སྔོན་འགྲོ་དངོས་གཞིའི་ཁྲིད་ཡོངས་རྫོགས་འཇིགས་མེད་རྒྱལ་བའི་མྱུ་གུ་དངོས་ལས་ཀུན་གཟིགས་མཉྫུ་གྷོ་ཥས་དགུང་གྲངས་བཅུ་དགུར་ཕེབས་སྐབས་གསན་པ་དང་། ཡང་ཀུན་མཁྱེན་ཐུགས་སྤྲུལ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། དེའི་སྐུ་གསུང་ཐུགས་ཀྱི་སྲས་རྡོ་གྲུབ་དྲི་མེད་གྲགས་པ། དེ་ལས་ཏྲེ་ཧོར་འབའ་ཕུག་སྤྲུལ་སྐུ་ཐུབ་བསྟན་ཆོས་དཔལ་རྒྱ་མཚོའམ་བློ་གྲོས་དྲི་མེད། དེ་ལས་ཨ་འཛོམ་འབྲུག་པ་སྣ་ཚོགས་རང་གྲོལ་གྱིས་གསན། དེ་ལས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་ཡོངས་རྫོགས་གསན། དེ་ལ་དིལ་མཁྱེན་རིན་པོ་ཆེ། དེས་རབ་འབྱམས་མཆོག་སྤྲུལ་ལ་བརྒྱུད་པའོ།།
ཡང་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལས་རྒྱལ་ཚབ་རིན་པོ་ཆེས་རིག་འཛིན་འདུས་པའི་དབང་རྒྱས་པ་གསན་ནས། སྙིང་ཐིག་གི་དབང་ལུང་ཡོངས་རྫོགས་ངོས་ནས་འཇུ་དབོན་འཇིགས་མེད་རྡོ་རྗེ་ལ་བསྐུར་ཡོད་པ་དེ་ལས་ཞུས། བརྒྱུད་པ་ཁོ་བོ་ལ་བགྲང་བས་ཆོག་གསུངས་པ་ལྟར་ན་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལས་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ། དེ་ལས་རྗེ་བླ་མ་རབ་གསལ་ཟླ་བ། དེ་ལས་ཞེ་ཆེན་རབ་འབྱམས་བདུན་པ་༧འགྱུར་མེད་ཆོས་ཀྱི་སེངྒེ། དེ་ལས་རང་ཅག་རྣམས་ལ་བཀའ་དྲིན་གྱི་དཔྱིད་དཔལ་དུ་སྨིན་པ་ནི་རིང་བརྒྱུད་ཀྱི་ཚུལ་རྣམས་སོ།།
གཞན་ཡང་ཀློང་སྙིང་རྩ་གཞུང་མ་ཡིན་པ་རྡོ་གྲུབ་རྒན་དང་། མཁྱེན་བརྩེ་དབང་པོའི་གསུང་སྐོར་དབང་ལུང་རྣམས་ཀྱང་མཛད་པ་པོ་སོ་སོ་མན་ནས་རིམ་པར་སྤྱི་ལྟར་དིལ་མཁྱེན་རིན་པོ་ཆེར་བརྒྱུད་པའོ།།
ཡང་ཡན་ལག་གི་ཆོས་སྐོར་ཇོ་ལུགས་སྒྲོལ་དཀར་སྙིང་ཐིག་ཁ་སྐོང་དུ་གྲགས་པའི་དབང་རྗེ་བཙུན་སྒྲོལ་མས་ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་པར་ཉེ་བརྒྱུད་དུ་བྱོན་པ་བཀའ་གཏེར་དག་སྣང་གསུམ་འདྲེས་ནི། རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོ། ཀུན་མཁྱེན་འཇིགས་མེད་གླིང་པ། རྗེ་བཙུན་ཛྙཱ་ན་ཏཱ་ར་དཱི་པཾ་སྟེ་ཡེ་ཤེས་ཆོས་སྒྲོན། ཞབས་དྲུང་བསྟན་འཛིན་རྡོ་རྗེ། ལྕགས་ཟམ་སྤྲུལ་པའི་སྐུ་བསྟན་འཛིན་མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ། ཨ་འཛོམ་འབྲུག་པ་སྣ་ཚོགས་རང་གྲོལ། འཇམ་དབྱངས་མཁྱེན་བརྩེ་མན་སྤྱི་བརྒྱུད་ལྟར་རོ།།
རྒྱུད་ལུགས་ཕུར་པའི་དབང་རྒྱུན་ནི། གྲུབ་དབང་ལྔ་པ་རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས། རྗེ་བླ་མ་དིལ་མཁྱེན་རིན་པོ་ཆེས་གསན། དེ་ལས་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེས་གསན། དེ་ལས་རང་ཅག་རྣམས་ལ་བཀའ་དྲིན་དུ་སྨིན་པའོ།།
རིག་འཛིན་འདུས་པའི་ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་ལ་གྲུབ་ཆེན་རིན་པོ་ཆེའི་མཚམས་སྦྱོར་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་དང་། ཀུན་མཁྱེན་འཇིགས་གླིང་གི་གསུང་གཉིས་ཀའི་སྟེང་ནས་མཁྱེན་བརྩེ་རིན་པོ་ཆེ་དྷརྨ་མ་ཏི་དང་། མཁན་ཆེན་འཇིགས་མེད་པདྨ་བློ་གསལ། རྗེ་བླ་མ་༧རབ་གསལ་ཟླ་བས་གསན་པའོ།།
གཉིས་པ་ཉེ་བརྒྱུད་ནི། ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་དབང་དང་སྒྲུབ་ཐབས་ལས་ཚོགས་བཅས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ་ལ་སླར་ཡང་དག་སྣང་ཉེ་བརྒྱུད་དུ་བཀའ་བབ་པ་ཡིན་པས་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ཀྱི་ཆུ་བོ་གཅིག་འདྲེས་སུ་སྤྱིར་གྱུར་པ་དང་། ཡང་སྨྱོ་ཤུལ་མཁན་རིན་པོ་ཆེ་འཇམ་དབྱངས་རྡོ་རྗེའི་གསུང་རྫོགས་ཆེན་ཆོས་འབྱུང་ལས། རྗེ་བླ་མ་རབ་གསལ་ཟླ་བ་གང་ཉིད་འབྲུག་སྤ་གྲོ་སྟག་ཚང་དུ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་ཞལ་གཟིགས་ཤིང་། སྙིང་ཐིག་བསྟན་པའི་བདག་པོར་བརྒྱུད་པ་གཏད་ཅེས་གསུངས་པ་ལྟར་ན་ད་ལྟ་གོ་ལ་འདིའི་སྟེང་གི་བྱེ་བྲག་གི་བརྒྱུད་ཚུལ་ཐུན་མིན་ཤིན་ཏུ་ཉེ་བརྒྱུད་ཀྱི་ཚུལ་བྱིན་རླབས་དྲོད་རླངས་མ་ཡལ་བ་བཞུགས་ངེས་པའོ།། གཞན་དིལ་མཁྱེན་རིན་པོ་ཆེའི་ཀློང་སྙིང་ཆོས་སྐོར་གསན་ཡིག་ནང་ལྟར་ཆོས་ཚན་སོ་སོ་དང་བརྒྱུད་པ་ཡན་གར་བ་མང་པོ་གསུངས་ཀྱང་དེ་རྣམས་འདིར་བྲིར་མ་ལང་པས་ཤེས་པར་འདོད་ན་དེར་ཞིབ་པར་གཟིགས་འཚལ་ཞུ།
གཉིས་པ་དབང་གང་ཐོབ་ཀྱི་མཚན་ཐོའི་རིམ་པ་ནི།
ཀུན་མཁྱེན་རང་གསུང་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། འདིར་དང་པོ་སྨིན་བྱེད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཞི་ཁྲོ་ལ་བརྟེན་པ་ཡིན་པས། ཅེས་གསུངས་པ་ལྟར་ཐུན་མོང་གི་སློབ་མ་ལ་སྟ་གོན་དང་ཕྱི་ནང་གི་འཇུག་པ་ཕན་ནུས་ཟབ་མོའི་དབང་གི་ཆོ་ག་རྒྱས་པས། རྒྱུད་སྨིན་བྱེད་ཀྱི་སྒོ་འབྱེད་དགོས་པའི་ཕྱིར་རྒྱུད་སྡེའི་དགོངས་པ་དང་འབྲེལ་ཆེ་བ་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་གི་རིམ་པ་ཐོག་མར་སྒོ་དབྱེའི་ཚུལ་གྱིས་རིམ་བཞིན་གནང་ཡོད་པས་དེ་ལྟར་འགོད་པ་ནི།
༡༽ རྒྱུད་སྡེར་གཏོགས་པ་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་སྟ་གོན་དང་དངོས་གཞི་བཀའ་གཏད་བཅས་དིལ་མཁྱེན་རིན་པོ་ཆེ་འོད་གསལ་ཐུགས་མཆོག་རྡོ་རྗེའི་ཀློང་སྙིང་དབང་གི་ཆོག་སྒྲིག་ནང་ལྟར་ཐོབ།
༢༽ སྒྲུབ་སྡེའི་ཐོག་མ་བླ་མ་རིག་འཛིན་འདུས་པའི་དབང་བསྐུར་རྒྱས་པ་དིལ་མཁྱེན་རིན་པོ་ཆེ་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་མཛད་པ་ལྟར་དང༌།
༣༽རིག་འདུས་ཚེ་དབང་མཚམས་སྦྱོར་ཅན་གྲུབ་རྒན་གསུང་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་རྒྱལ་བཅས།
༤༽ བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་ཀྱི་ཆོ་ག་རྡོ་རྗེའི་དོ་ཤལ་འཇམ་མགོན་ཀོང་སྤྲུལ་ཪིན་པོ་ཆེའི་གསུང་ལྟར།
༥༽ ཡི་དམ་ཞི་བ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་བླ་མ་མཆོད་པ་ལ་བརྟེན་པའི་རྩ་དབང་མཁྱེན་བརྩེ་དབང་པོའི་གསུང་རྩ་གཞུང་ནང་ལྟར་ལ། ཁྱད་པར་གྱི་ཕྲིན་ལས་ཀྱི་ཚེ་དབང་གི་མཛེས་རྒྱན་དིལ་མཁྱེན་རིན་པོ་ཆེ་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་མཛད་པ། བླ་མཆོད་དེ་དང་འབྲེལ་བའི་བདུད་རྩི་སྨན་གྱི་དབང་དངོས་དང་ཞར་བྱུང་རིལ་དབང་དང་བཅས་པ་དིལ་མཁྱེན་རིན་པོ་ཆེ་ཕྲིན་ལས་རོལ་པའི་རྡོ་རྗེས་མཛད་པ་བཅས་ཀློང་སྙིང་དབང་གི་ཆོག་ཁྲིགས་ནང་ལྟར།
༦༽ དངོས་གྲུབ་ཀྱི་རྩ་བ་ཡི་དམ་སྤྱི་དྲིལ། བླ་མ་ཤིན་ཏུ་དྲག་པོ་མཐིང་གའི་ཐུགས་སྒྲུབ། སྒྲུབ་ཆེན་བཀའ་བརྒྱད་དྲག་པོ་དཔལ་ཆེན་འདུས་པ་རྩ་བའི་དཀྱིལ་འཁོར་གྱི་སྨིན་བྱེད་ལ། སྔོན་འགྲོ་སྟ་གོན་དང༌། དངོས་གཞིའི་དབང་བསྐུར་བཅས། དིལ་མཁྱེན་རིན་པོ་ཆེ་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་གྱིས་མཛད་པ་ཀློང་སྙིང་དབང་གི་ཆོག་ཁྲིགས་ནང་ལྟར།
༧༽ རྩ་བ་ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལས་གྱེས་པའི་ཡན་ལག་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་རིགས་བཞིའི་ཧེ་རུ་ཀའི་སྒོས་བཀའ་སོ་སོའི་དབང་གི་རིམ་པ་ལས། དང་པོ། སྐུ་རྡོ་རྗེ་འཇམ་དཔལ་གཤིན་རྗེ་འཆི་བདག་ཟིལ་གནོན་གྱི་བམ་ཆེན་གསང་བའི་དབང་དིལ་མཁྱེན་རིན་པོ་ཆེ་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་ཁྲིགས་བཀོད་མཛད་པ་དང༌།
༨༽ གསུང་རྡོ་རྗེ་དབང་ཆེན་རྟ་མགྲིན་ཁམས་གསུམ་རོལ་པའི་དབང་དིལ་མཁྱེན་རིན་པོ་ཆེ་པདྨ་དྲི་མེད་ཤིན་ཏུ་དགའ་བའི་རྡོ་རྗེས་ཁྲིགས་བཀོད་མཛད་པ་དང༌།
༩༽ ཐུགས་རྡོ་རྗེ་ཡང་དག་ཧེ་རུ་ཀཿ་སངས་རྒྱས་མཉམ་སྦྱོར་ཟླ་གམ་དགུ་པའི་དབང་དིལ་མཁྱེན་རིན་པོ་ཆེ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཁྲིགས་བཀོད་མཛད་པ་དང༌།
༡༠༽ ཕྲིན་ལས་རྡོ་རྗེ་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་དབང་རྩ་དུམ་རྒྱུད་དགོངས་དིལ་མཁྱེན་རིན་པོ་ཆེ་བདུད་འདུལ་ཕྲིན་ལས་དྲག་པོ་རྩལ་གྱིས་ཁྲིགས་བཀོད་མཛད་པ་དང་བཅས་དེ་རྣམས་དབང་ཁྲིགས་ནང་ལྟར།
༡༡༽ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་རྡོ་རྗེའི་གསུང་དངོས་དང༌། དེ་ལ་མྱོང་གྲོལ་རིལ་བུའི་དབང་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་ཆོག་ལས་ཁོལ་དུ་ཕྱུང་པ་དིལ་མཁྱེན་རིན་པོ་ཆེའི་ཀློང་སྙིང་དབང་གི་ཆོག་ཁྲིག་ནང་ལྟར་དང༌། སངས་རྒྱས་སྟོང་དབང་རཏ་གླིང་ཐུགས་རྗེ་གསང་འདུས་ཀྱི་ཡིག་ཆ་ཀོང་སྤྲུལ་གསུང་ལྟར་སྦྱར་བ།
༡༢༽ ཡང་གསང་བླ་མའི་སྒྲུབ་པ་འོད་གསལ་ཐིག་ལེའི་རྒྱ་ཅན་གྱི་དབང་དང་མྱོང་གྲོལ་རིལ་དབང་བཏགས་གྲོལ་རིག་འཛིན་སྲོག་འཁོར་དབང་བཅས་དིལ་མཁྱེན་རིན་པོ་ཆེ་འོད་གསལ་སྣ་ཚོགས་རང་གྲོལ་གྱིས་མཛད་པ་ཀློང་སྙིང་དབང་གི་ཆོག་ཁྲིགས་ལྟར།
༡༣༽ ཕྲིན་ལས་ཀྱི་རྩ་བ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྒྲུབ་ཚུལ་ཀུན་གྱི་རྩ་བ་ཕྱི་སྒྲུབ་བདེ་ཆེན་དཔལ་ཕྲེང་གི་དབང་ཁྲིགས་འཇམ་མགོན་པདྨ་གར་དབང་གི་གསུང་བདེ་ཆེན་བཅུད་འབེབ་དང༌། ནང་སྒྲུབ་ཀྱི་ལས་ཚོགས་བཞི་པ་ཚེ་དབང་ཁོལ་ཕྱུང་མཁྱེན་བརྩེ་རིན་པོ་ཆེའི་གསུང་ལྟར་དང༌། བཅོ་བརྒྱད་པ་སྒྲོལ་མ་རྣལ་འབྱོར་མའི་དུག་དབྱུང་བྱབ་ཁྲུས་རྣམས་ཀུན་མཁྱེན་ཉིད་ཀྱི་གསུང་ལྟར་དང༌།
༡༤༽ རིགས་བདག་འོད་དཔག་མེད་ཀྱི་དབང་ཆོག་གྲུབ་རྒན་གསུང་མ་རིག་མུན་སེལ་དང༌། དེའི་ཚེ་དབང་ཁོལ་ཕྱུང་མཁྱེན་བརྩེའི་གསུང་ལྟར་དང༌།
༡༥༽ ཡུམ་ཀ་བདེ་ཆེན་རྒྱལ་མོའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་དབང་དིལ་མཁྱེན་རིན་པོ་ཆེ་ལྷན་སྐྱེས་དགའ་བའི་རྡོ་རྗེས་མཛད་པ་ཀློང་སྙིང་དབང་གི་ཆོག་ཁྲིགས་ནང་ལྟར་ཐོབ།
རྩ་པོད་ལས་མ་ཐོབ་པ། ཆོས་བཀའ་འདིའི་བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་ཀྱི་ཐུན་མོངས་མ་ཡིན་པའི་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་སྲོག་གཏད་དང༌། བཀའ་སྲུང་སྨན་བཙུན་མཆེད་ལྔའི་སྲོག་གཏད་བཅས་གཉིས་ནི་ཡོངས་ཁྱབ་ཏུ་གནང་བར་མ་མཛད་དོ།།
ད་དུང་བཀའ་འབུམ་ནང་གི་དབང་དུམ་གཉིས་ལ་མ་སོང་བ་རྒྱུད་ལུགས་ཕུར་པའི་སྟ་གོན་དང་དངོས་གཞིའི་དབང་ཆེན། འཇིགས་གླིང་གསུང་ཇོ་ལུགས་སྒྲོལ་དཀར་གྱི་ཚེ་དབང་འཇམ་དབྱངས་མཁྱེན་བརྩེའི་གསུང་ལྟར་གནང་བས་ལེགས་བྱས་ཀྱི་མཐའ་ཡོངས་སུ་གྲུབ་པ་དགེ་ལེགས་འཕེལ།། །།