མྱུར་བྱོན་གསོལ་འདེབས།
༄༅། །མྱུར་བྱོན་གསོལ་འདེབས།
ཨོཾ་སྭ་སྟི།
ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་རྒྱ་མཚོའི་ཚོགས། །
ཉན་རང་བྱང་སེམས་དཔའ་བོ་རྣལ་འབྱོར་མ། །
ཀུན་འདུས་ཀུན་ལས་ལྷག་པའི་བདག་ཉིད་ཆེ། །
རིགས་ཀུན་ཁྱབ་བདག་བླ་མར་གསོལ་བ་འདེབས། །
ཆོས་དབྱིངས་འོད་གསལ་དོན་དམ་བྱང་ཆུབ་སེམས། །
ཀུན་ཁྱབ་ཀུན་གྱི་འབྱུང་གནས་འདུས་མ་བྱས། །
ཡེ་གྲོལ་འཆི༵་མེད༵་གཉུག་མའི་བཙན་ས་ཆེར། །
མི་གཡོ་སྙོམ་པར་བཞུགས་མཛད་མགོན་ཁྱེད་དགོངས། །
སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་དམ་བཅའི་མཐིལ། །
མ་གྲོལ་འགྲོ་ཁམས་དབུག་དབྱུངས་སངས་རྒྱས་སར། །
མ་གྲོལ་དེ་སྲིད་མཐའ་ཡས་འགྲོ་བའི་དོན། །
དགྱེས་བཞེས་མཛད་ལྟར་འགྲོ་ཁམས་རྗེས་འཛིན་མཛོད། །
མགོན་ཁྱེད་རིགས་དང་ཡོན་ཏན་དཔལ་གྱིས་མཐོ། །
ཐུགས་བསྐྱེད་དམ་བཅའ་མི་འགྱུར་གཡུ༵ང་དྲུང༵་ལྟར། །
རྫོགས་སྨིན་སྦྱང་བའི་གོ་ཆ་བརྟན་གྱུར་ན། །
བསྟན་འགྲོའི་དཔལ་དུ་ཡང་སྤྲུལ་ཅིས་མོ་ངོམས། །
མཁའ་ལྟར་རབ་ཡངས་མཆོག་གསུམ་བདེན་མཐུ་དང་། །
ཉི་ལྟར་བྱིན་སྣང་རབ་གསལ་ཟླ་བའི་གཟི། །
མཚུངས་པ་མེད་པ་མགོན་ཁྱེད་ཐུགས་སྐྱེད་ཀྱིས། །
དམ་པའི་རོལ་བས་བསྟན་འགྲོར་སྨིན་གྱུར་ཅིག །
ཅེས་པའང་མཆོག་སྤྲུལ་དམ་པ་ར་གདའ་འཆི་མེད་གཡུང་དྲུང་དགོངས་པ་ཞི་དབྱིངས་གཞོལ་བ་ལ་གང་གིས་སློབ་ཚོགས་རྣམས་ཀྱིས་མྱུར་འབྱོན་གསོལ་འདེབས་ཞིག་དགོས་ཞེས་བསྐུལ་མ་བྱུང་དོན་ལྟར་ཞེ་ཆེན་རབ་འབྱམས་བདུན་པའི་མཚན་འཛིན་ནས། རབ་གནས་མེ་རྟ་དབོ་ཟླའི་ཚེས་ཉེར་དྲུག་ལ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།
