Simple Fire Offering—Tibetan

Practices › Fire Offering | Collections & Cycles › Rinchen Terdzö | བོད་ཀྱི་བླ་མ།རྟ་མགྲིན་མགོན་པོ།

English | བོད་ཡིག

རྟ་མགྲིན་མགོན་པོ།

Dilgo Khyentse Rinpoche performing a fire offering

Further information:
Download this text:

༄༅། །སྤྲོས་མེད་རྫས་གཅིག་ལ་བརྟེན་པའི་སྦྱིན་སྲེག་ཉི་མའི་མདངས་འོད་བཞུགས་སོ། །

 

ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི།

སྤྲོས་མེད་རྫས་གཅིག་ལ་བརྟེན་ནས་སྡིག་སྒྲིབ་བར་ཆད་སྦྱང་བ་ནི། མདུན་དུ་མེ་དང་། རྫས་ཏིལ་ནག་པོ་འདུ་བྱས་ལ།

བདག་གཞན་དམིགས་ཡུལ་ཐམས་ཅད་ཀྱི། །

སྡིག་སྒྲིབ་བག་ཆགས་རྣམ་སྨིན་ཀུན། །

བསྡུས་ནས་ཏིལ་ལ་ཐིམ་པར་གྱུར། །

ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་བརྗོད།

ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།

རང་མདུན་མེ་དཀྱིལ་རྡོར་སེམས་དཀར། །

ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས། །

རྒྱན་ལྡན་སྐྱིལ་མོ་ཀྲུང་གིས་བཞུགས། །

ཞལ་དུ་སྡིག་སྒྲིབ་ཕུལ་བས་བསྲེགས། །

ཨོཾ་བཛྲ་སཏྭ་ཧཱུྃ། སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།

བརྒྱ་རྩ་སོགས་ཅི་འགྲུབ་འབུལ།

ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད།

ཨརྒྷཾ་པཱདྱཱཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ།

བསྟོད་པ་ནི།

རིགས་འདུས་མངའ་བདག་ཧེ་རུ་ཀ །

རབ་དཀར་རྡོ་རྗེ་དྲིལ་བུ་འཛིན། །

ལས་སྒྲིབ་སྦྱོང་བའི་མཐུ་སྟོབས་ཅན། །

རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །

བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །

བདག་འཛིན་འཆིང་བའི་བག་ཆགས་དང་། །

རྣམ་སྨིན་དུག་ལྔའི་འབྲས་བུ་ཀུན། །

མ་ལུས་ཡེ་ཤེས་མེས་བསྲེགས་ནས། །

བྱང་ཞིང་དག་པར་མཛད་དུ་གསོལ། །

མདུན་གྱི་རྡོར་སེམས་རང་ལ་ཐིམ། །

ཀ་དག་ཆོས་དབྱིངས་དོན་རྟོགས་ནས། །

མྱུར་དུ་སངས་རྒྱས་སར་འཁོད་ཤོག །

 

ཅེས་པ་འདི་ཡང་དད་ལྡན་འགའ་ཞིག་གིས་བསྐུལ་ངོར་རིག་སྔགས་འཆང་བ་ཧ་ཡ་གྲཱི་བ་ནཱ་ཐས་སྦྱར་པ་མངྒ་ལཾ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept