རྟེན་འབྲེལ་ཉེས་སེལ་གྱི་གདམས་པ་ཟབ་མོ་ལས། གནད་ལ་བརྟེན་པ༔
༁ྃ༔ རྟེན་འབྲེལ་ཉེས་སེལ་གྱི་གདམས་པ་ཟབ་མོ་ལས། གནད་ལ་བརྟེན་པ་ནི༔
ཉེས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ལས་མ་འདས༔ མ་རིག་པ་ནི་ཐོ་ཡོར་མིར་འཁྲུལ་པ་ལྟར་གཞི་མ་གྲུབ་པས་ཉེས་པའི་རྩ་བ་མེད་པའོ༔ གང་མ་རིག་ན་གནས་ལུགས་དོན་དམ་པའི་ངོ་བོ་ཡང་དག་པ་རིག་པའི་ཡེ་ཤེས་ཉིད་ངོ་མ་ཤེས་པའོ༔ དེ་ལྟར་རིག་པའི་རང་ངོ་མ་ཤེས་པས་མ་རིག་པ་གློ་བུར་དུ་སྣང་བ་ཡིན་གྱི་དོན་དུ་གནས་ལུགས་ཡང་དག་པ་རིག་པའི་རང་བཞིན་ལས་གང་ཡང་མ་འདས་པས་ཉེས་པ་བཙལ་ཀྱང་མི་རྙེད་དོ༔ ངོ་མ་ཤེས་པ་ཉིད་རང་ཐོག་ཏུ་ངོས་ཟིན་པ་ལ་བསྒྱུར་བ་ཞེས་བྱའོ༔ དེ་ཡང་གང་ཟག་རབ་ལ་ངོ་སྤྲོད་པས་ཐམས་ཅད་ཡེ་ཤེས་ཁྱབ་བརྡལ་ཆེན་པོར་སངས་རྒྱས་ཏེ་འཁྲུལ་པ་གཞི་གྲོལ་དུ་དག་ནས་དེ་ཕྱིན་ཆད་མ་དག་པའི་རྒྱུ་དང་འབྲས་བུ་གང་ལ་ཡང་ཡང་བ་དང་བག་ཚ་བ་མེད་པའི་གདིང་རྙེད་དེ་འཁོར་བའི་གཡུལ་ལས་རྣམ་པར་རྒྱལ་བའོ༔ གང་ཟག་རབ་ཏུ་མ་གྱུར་པ་དག་ལ་ཡང་གནས་ལུགས་རང་ཐོག་ཏུ་ངོ་འཕྲོད་ན་ཆོས་ཐམས་ཅད་དེའི་རྣམ་རོལ་དུ་ཤེས་པས་ཀུན་ལ་ཡང་དག་པའི་སྣང་བ་འཆར་ཞིང་དེ་ཡང་བཟང་ཞེན་ཨ་འཐས་མ་ཡིན་པར་མཉམ་པ་ཉིད་དུ་རང་གྲོལ་བར་འགྱུར་ཏེ༔ གནས་ལུགས་མ་ནོར་བ་རྟོགས་ཕན་ཆོད་མི་གྲོལ་མི་སྲིད་དོ༔ ཉེས་པའི་རྩ་བ་མ་རིག་པ་ཉིད་རིག་པ་ཡེ་ཤེས་ལས་གཞན་མིན་པ་རྟོགས་ན་མ་རིག་པ་དེས་བསྐྱེས་པའི་ཉོན་མོངས་དུག་ལྔ་ཉིད་ཡེ་ཤེས་ལྔ་ལས་མི་འདའ༔ སྡུག་བསྔལ་ཐམས་ཅད་བདེ་སྟོང་ཡབ་ཡུམ་ལས་མི་འདའ༔ རྒྱུ་འབྲས་ཐམས་ཅད་རྣམ་པར་དག་པས་ན་ཡང་དག་གནས་ལུགས་ཀྱི་ངང་དུ་མ་དག་པ་གང་ཡང་མེད་པས་བསྒྱུར་དུ་མེད་ཀྱང་༔ སེམས་ཅན་འཁྲུལ་པའི་དབང་གིས་ཉོན་མོངས་པ་དང་སྡུག་བསྔལ་བ་ལྟར་རང་དབང་མེད་པར་ཤར་བ་དེ་ཙམ་ཡང་དག་པའོ་ཞེས་ངོ་ཤེས་པས་བསྒྱུར་བར་བྱས་ཏེ་ཡང་དག་པ་བཙལ་དུ་མེད་པས་རེ་བ་བྲལ༔ མ་དག་པ་བཙལ་དུ་མེད་པས་དོགས་པ་བྲལ༔ རེ་དོགས་བྲལ་བའི་གནས་ལུགས་ཀྱི་ངང་དུ་གཏན་སྲིད་ཟིན་པ་ནི་ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་ཁོ་ན་སྟེ་ལྡོག་པར་མི་འགྱུར་རོ༔ གནད་འདི་ནི་མཐར་ཐུག་རྫོགས་པ་ཆེན་པོ་ལྟར་ཡིན་གྱི་བསྐྱེད་རྫོགས་ཐུན་མོང་པའི་རྣམ་པར་བཞག་པ་དང་འདྲ་བ་མ་ཡིན་པས༔ ཟབ་པའི་མཐར་ཐུག་པའོ༔ གཞན་ཡང་དག་པ་ཞེས་བྱ་བ་དང༔ མ་དག་གོ་ཞེས་བྱ་བ་ནི༔ སྟོང་ཞིང་བདག་མེད་པ་དང་༔ བདག་དང་བདག་གིར་བཟུང་བ་ཉིད་དོ༔ དེས་ན་གང་བདག་ཏུ་བཟུང་བ་ཐམས་ཅད་བདག་མེད་པ་ལས་མ་འདས་པས༔ བདག་རྟོག་ཤར་བ་ན་དེའི་རྗེས་སུ་མི་འབྲང་བར་བདག་མེད་པའི་དོན་དྲན་པར་བྱའོ༔ དག་པ་ཞེས་བྱ་བ་ནི༔ རང་བཞིན་སྟོང་པ་ཉིད་དོ༔ མ་དག་པ་ཞེས་བྱ་བ་ནི༔ བདེན་པར་འཁྲུལ་པའོ༔ དེས་ན་བདེན་བདེན་ལྟར་ཤར་བ་ན་ཡང་དོན་ལ་སྟོང་ཉིད་ཡིན་པས༔ བདེན་འཛིན་ཨ་འཐས་ཀྱི་རྗེས་སུ་མི་འབྲང་བར་རང་བཞིན་སྟོང་པ་ཉིད་ཀྱི་དོན་ངོ་ཤེས་པར་བྱས་པ་དེའི་ངང་དུ་ལྷུན་ནེར་བཞག་གོ༔ དོན་དུ་ཆོས་ཐམས་ཅད་ཡེ་ནས་སྟོང་ཞིང་བདག་མེད་པ་ཡིན་པས་བསྒྱུར་དུ་མེད་ལ༔ འཁྲུལ་ངོར་བདེན་པར་ཤར་བ་ཙམ་བསྒྱུར་བ་ཡིན་ནོ༔ ཡང་དག་པ་ཞེས་བྱ་བ་ནི་ལྷ་ཡི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ༔ མ་དག་པ་ཞེས་བྱ་བ་ནི་འགྲོ་དྲུག་གི་ཕུང་པོ་ལྔ་ཁམས་ལྔ་སྐྱེ་མཆེད་དྲུག་གོ༔ དེས་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ལྟར་ཤར་ཡང་དོན་ལ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལས་མི་འདའ་བས༔ མ་དག་ལོག་རྟོག་གི་རྗེས་སུ་མི་འབྲང་བར་ཡང་དག་ཡེ་ཤེས་ཀྱི་རང་སྣང་ངོ་ཤེས་པར་བྱས་ལ་དེའི་ངང་དུ་ལྷན་ནེར་བཞག་གོ༔ དོན་དུ་ཆོས་ཐམས་ཅད་ཡེ་ནས་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་གནས་པས་བསྒྱུར་དུ་མེད་ལ༔ འཁྲུལ་ངོར་འཁོར་བའི་ཆོས་སུ་ཤར་བ་ཙམ་བསྒྱུར་བ་ཡིན་ནོ༔ ཐབས་འདི་དག་ནི་རྗེས་ཤེས་ཐུག་འཕྲད་ཀྱི་ཉམས་ལེན་ཞེས་བྱ་བ་སྟེ་ལས་དང་པོ་པ་ལ་མེད་དུ་མི་རུང་ངོ༔ རྫོགས་པ་ཆེན་པོ་ཀློང་དུ་གྱུར་པ་ན་གང་ལྟར་སྣང་ཡང་རུང་རང་གྲོལ་གསུམ་གྱི་རང་བཞིན་ལས་མི་འདའ་བས་བྱ་རྩོལ་སྤྲོས་པ་ལ་མི་ལྟོས་སོ༔ གང་ཤར་ཡེ་ནས་གྲོལ་ཟིན་པ་སྟེ་གནས་ལུགས་ཀྱི་ངང་དུ་འཁྲུལ་བ་མེད་པས་ཅི་ཞིག་གྲོལ༔ སྣང་ལུགས་འཆར་ཚུལ་ཙམ་དུ་བཟང་ངན་གྱི་རྣམ་རྟོག་གང་ལྟར་ཤར་བ་ཐམས་ཅད་རིག་ཐོག་ཏུ་རང་གྲོལ་བའོ༔ འདི་དག་ནི་ཉེས་པ་སེལ་བ་དང༔ མི་འབྱུང་བ་དང༔ སྲུང་བ་དང་༔ བསྒྱུར་བའི་མན་ངག་མཐར་ཐུག་པ་སྟེ་བླ་ན་མེད་དོ༔ མཚོ་རྒྱལ་ཉོན་ཅིག༔ ཐབས་དང་མན་ངག་ཟབ་མོ་འདི་ལྟ་བུ་ནི་ཤིན་ཏུ་འབྱུང་བར་དཀོན་ལ་ཡོན་ཏན་ཁྱད་པར་ཅན་དང་ལྡན་ཏེ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ༔ འདི་གང་གིས་རྙེད་པའི་རྣལ་འབྱོར་པ་དེ་དག་གིས་ཉམས་སུ་ལེན་པ་དང་གཞན་དག་ལ་ཡང་དག་པར་བསྟན་ན་རྗེས་སུ་མངོན་པར་འདོད་པའི་ལས་ཀྱི་འབྲས་ཐམས་ཅད་མྱུར་དུ་མཆིས་པར་འགྱུར་རོ༔ ཁྱད་པར་དུ་དུས་སྙིགས་མ་ལྔ་བརྒྱ་ལ༔ པདྨའི་ཟབ་གཏེར་དབང་བའི་གང་ཟག་སྐལ་ལྡན་རྣམས༔ རྟེན་འབྲེལ་ཉེས་པས་ཚེ་ལ་གནོད་པ་དང་༔ ཆོས་ཀྱི་སྒོ་འགགས་གཏེར་གྱི་དགོས་པ་སྟོར་བ་ན༔ ཕན་པའི་གདམས་ངག་འདི་རྣམས་ཉམས་སུ་ལོངས༔ འགྲོ་དོན་རྒྱས་ཤིང་ཚེ་མཐར་ཕྱིན་པ་པདྨའི་ཐ་ཚིག་གོ༔
