Red Vajravārāhī Praise—Tibetan
༄༅། །ཕག་མོ་དམར་མོའི་རྟགས་བསྟོད་བཞུགས།
ཕག་མོའི་རྟགས་བསྟོད་མཆོད་སྐོང་ནི།
ཧཱུྃ། །རྒྱལ་བ་ཀུན་གྱི་རང་བཞིན་ལས། །
ཆོ་འཕྲུལ་སྟོན་པའི་ཡེ་ཤེས་སྐུ། །
བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །
ཨོ་རྒྱན་རང་བྱུང་གནས་སུ་བཞུགས། །
སྐུ་མདོག་དམར་ལ་སྨུག་པ་ནི། །
ཐུགས་རྗེའི་ཉམས་དན་ལྡན་པའི་རྟགས། །
སྤྱན་གསུམ་དམར་ཟླུམ་འཁྲུགས་པ་ནི། །
སྐུ་གསུམ་མངོན་དུ་གྱུར་པའི་རྟགས། །
ཕྱག་གཡས་གྲི་གུག་བསྣམས་པ་ནི། །
གཟུང་འཛིན་རྣམ་རྟོག་གཅོད་པའི་རྟགས། །
ཕྱག་གཡོན་ཐོད་ཁྲག་བསྣམས་པ་ནི། །
འགྲོ་དྲུག་དབང་དུ་སྡུད་པའི་རྟགས། །
ཞབས་གཉིས་བརྐྱང་བསྐུམ་བཞེངས་པ་ནི། །
ཐབས་དང་ཤེས་རབ་ལྡན་པའི་རྟགས། །
ཁྲོ་ཞལ་མཆེ་བ་གཙིགས་པ་ནི། །
ཉོན་མོངས་གཡུལ་ངོ་འཇོམས་པའི་རྟགས། །
སྤྱི་གཙུག་ཕག་ཞལ་ངུར་བ་ནི། །
སྐྱེ་མེད་ཆོས་སྒྲ་སྒྲོགས་པའི་རྟགས། །
རལ་པ་ཐུར་དུ་གྲོལ་བ་ནི། །
འགྲོ་ལ་རྗེས་སུ་ཆགས་པའི་རྟགས། །
ཐོད་སྐམ་དབུ་རྒྱན་བྱས་པ་ནི། །
ཡེ་ཤེས་ལྔ་དང་ལྡན་པའི་རྟགས། །
ཐོད་རློན་ཕྲེང་བ་བྱས་པ་ནི། །
འཇིག་རྟེན་དྲེགས་པ་ཟིལ་གནོན་རྟགས། །
སྐུ་ལ་རུས་པས་བརྒྱན་པ་ནི། །
ཕ་རོལ་ཕྱིན་དྲུག་རྫོགས་པའི་རྟགས། །
རྡོ་རྗེའི་ཁ་ཊྭཱཾ་འཆང་བ་ནི། །
བདེ་ཆེན་ཟག་མེད་སྟོན་པའི་རྟགས། །
བམ་རོའི་གདན་ལ་འགྱིང་བ་ནི། །
བག་ཆགས་གནས་སུ་དག་པའི་རྟགས། །
ཞལ་ནས་ཕེཾ་སྒྲ་སྒྲོགས་པ་ནི། །
མཁའ་འགྲོ་ལས་ལ་འགྱེད་པའི་རྟགས། །
དཔའ་བོ་དཔའ་མོས་བསྐོར་བ་ནི། །
སྣ་ཚོགས་འགྲོ་དོན་མཛད་པའི་རྟགས། །
ཁྱོད་ལ་ཕྱག་འཚལ་གསོལ་བ་འདེབས། །
འདིར་བྱོན་བདག་ལ་བྱིན་གྱིས་རློབས། །
ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང་། །
དམ་ཚིགས་ཉམས་ཆག་མཐོལ་ཞིང་བཤགས། །
མི་མཐུན་རྐྱེན་དང་བར་ཆད་སོལ། །
ནད་གདོན་སྡིག་སྒྲིབ་ཞི་བར་མཛོད། །
རྣལ་འབྱོར་ཚེ་དང་བསོད་ནམས་སྤེལ། །
ཅི་འདོད་དངོས་གྲུབ་མ་ལུས་སྩོལ། །
རང་སེམས་སྐྱེ་མེད་རྟོགས་པ་དང་། །
ལས་བཞིས་འགྲོ་དོན་འགྲུབ་པར་མཛོད། །
ཆུ་འབྲུག་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ནུབ་མོར་རྨི་ལམ་གྱི་འཁྲུལ་སྣང་ཤར་བ་ལྟར་ལས་རབ་གླིང་པས་བྲིས་པ་དགེའོ།། །།