བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འོད་དཔག་མེད་ཀྱི་སྒྲུབ་ཐབས་བདེ་ཆེན་མྱུར་ལམ༔

English | Français | Português | བོད་ཡིག

༁ྃ༔ འོད་དཔག་མེད་ཀྱི་སྒྲུབ་ཐབས་བདེ་ཆེན་མྱུར་ལམ་བཞུགས་སོ༔

 

འོད་དཔག་མེད་ལ་ཕྱག་འཚལ་ལོ༔

འོད་དཔག་མེད་ཀྱི་སྒྲུབ་ཐབས་ནི༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ 
དེ་ནས་བསྒོམ་བཟླས་འདི་ལ་འཇུག༔

ཆོས་རྣམས་ཐམས་ཅད་སྟོང་པའི་ངང༔

ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ༔

སྟོང་ཉིད་སྙིང་རྗེ་དེ་ཡི་ངང་༔

སྣང་སྲིད་བདེ་ཆེན་ཞིང་གི་དབུས༔

པད་ཟླའི་གདན་ལ་རང་རིག་ཧྲཱིཿ

དེ་ལས་འོད་འཕྲོས་དོན་གཉིས་སྒྲུབ༔

ཡོངས་གྱུར་བདག་ཉིད་བཅོམ་ལྡན་འདས༔

སྣང་བ་མཐའ་ཡས་སྐུ་མདོག་དམར༔

ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་༔

ལྷུང་བཟེད་བདུད་རྩིས་གང་བ་བསྣམས༔

ཞབས་གཉིས་མི་འགྱུར་སྐྱིལ་ཀྲུང་བཞུགས༔

ཆོས་གོས་རྣམ་གསུམ་སྐུ་ལ་མཛེས༔

མཚན་དང་དཔེ་བྱད་ཡོངས་སུ་རྫོགས༔

སངས་རྒྱས་སྐུ་ལྔའི་བདག་ཉིད་མཆོག༔

སྣང་ལ་རང་བཞིན་མེད་པ་ཡི༔

ཐུགས་ཀར་ཟླ་སྟེང་ཧྲཱིཿ་དམར་པོ༔

སྔགས་ཀྱི་གཡས་སུ་བསྐོར་བ་ལས༔

འོད་འཕྲོས་བདེ་གཤེགས་ཐམས་ཅད་ཀྱང་༔

བསྒོམ་པ་ལྟ་བུར་སྤྱན་དྲངས་བསྟིམ༔

ཛཿཧཱུྂ་བྃ་ཧོ༔

སྔགས་ལས་འོད་འཕྲོས་དོན་གཉིས་བྱས༔

གཟུགས་སྣང་དག་པ་འོད་དཔག་མེད༔

སྒྲ་གྲགས་སྙིང་པོ་སྔགས་ཀྱི་སྒྲ༔

རྟོག་ཚོགས་དག་པ་ཡེ་ཤེས་ལྔ༔

བདེ་བ་ཆེན་པོའི་ངང་ནས་བཟླ༔

ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྂ་ཧྲཱིཿ

ཡི་གེ་བཅུ་གཅིག་རྩ་བའི་སྔགས༔ བུམ་ཕྲག་གསུམ་གྱིས་དངོས་གྲུབ་འཐོབ༔

དེ་ནས་ལྷ་སྣང་མི་དམིགས་བཞག༔ རྗེས་སུ་བསྔོ་བས་སྨོན་ལམ་བྱ༔

ཚེ་འདིར་དུས་མིན་འཆི་བ་ཞི༔ ཕྱི་མ་བདེ་ཆེན་ཐར་ལམ་ཟིན༔ དེ་ཕྱིར་སྐལ་ལྡན་ཉམས་སུ་ལོངས༔ ས་མ་ཡ༔

 

ལས་རབ་གླིང་པའི་གཏེར་མ་ཤོག་སེར་ལས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་ཕབ་པའོ༔

 

གཏེར་སྟོན་བསོད་རྒྱལ།

Buddha Amitābha, 'Boundless Light'

གནས་ཚུལ་འཕར་མ།

BDRC Author Profiles: P5970 P197

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept