Song of Advice—Tibetan

Literary Genres › Advice | Literary Genres › Songs and Poems | Literary Genres › BiographyAutobiography | བོད་ཀྱི་བླ་མ།ཚུལ་ཁྲིམས་དབང་མོ།

English | Français | བོད་ཡིག

ཚུལ་ཁྲིམས་དབང་མོ།

ཚུལ་ཁྲིམས་དབང་མོ།

Further information:
Download this text:

༄༅། །ཞལ་གདམས་མགུར་མ།

བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །
རྒན་མོ་བདག་གིས་བདེན་པའི་གླུ་དབྱངས་ལེན། །
ལེགས་པར་ཉོན་དང་མ་ལོ་ཆོས་སེམས་ཅན། །
ཁྱེད་རྣམས་ཆོས་ཞིག་སྒྲུབ་འདོད་ཡོད་ན་ནི། །
བསམ་པ་ངན་པ་དུག་ནག་བཞིན་དུ་སྤོངས། །

བསམ་པ་བཟང་པོ་ཤི་ཁའི་སྨན་བཞིན་འཐུང་། །
ཁོང་ཁྲོ་མ་ཆེ་བྱམས་དང་སྙིང་རྗེ་སྒོམས། །
སེར་སྣ་མ་ཆེ་བསགས་པ་ཆོས་ཕྱོགས་ཐོང་། །
གཏི་མུག་མེ་ཆེ་རང་སེམས་ཆོས་ཀྱིས་ཐུལ། །

ཕྲག་དོག་མ་ཆེ་ཀུན་ལ་ཅི་ཕན་གྱིས། །
ང་རྒྱལ་མ་ཆེ་དམན་ས་ཆུང་སར་སྡོད། །
འདོད་ཆགས་མ་ཆེ་སྡོམ་དང་དམ་ཚིག་སྲུངས། །
རང་འདོད་མ་ཆེ་གཞན་དང་མཐུན་པར་དགོས། །

དྲན་གྲངས་མ་མང་སེམས་ཐག་གཅིག་ཏུ་ཆོད། །
བྱ་སྤྱོད་མ་མང་བློ་ཕུགས་ཆོས་ལ་གཏོད། །
ལས་གྲངས་མ་མང་སྒོ་གསུམ་དགེ་ལ་བཀོལ། །
འགྲོ་གྲངས་མ་མང་དབེན་པའི་རི་ཁྲོད་སྡོད། །

གྲོགས་ངན་མ་མང་ཆོས་མཐུན་གྲོགས་བཟང་བསྟེན། །
དགོས་གྲངས་མ་མང་གང་བྱུང་དེས་ཆོག་གྱིས། །
སྨྲ་བ་མ་མང་གུ་རུ་སིདྡྷི་བགྲོངས། །

སུ་མ་མགུ་ཡང་ཆོས་དང་མཐུན་པ་དགོས། །
ཅི་ལ་ཐུག་ཀྱང་བླ་མ་མ་བརྗེད་དགོས། །
སྲོག་ལ་བབ་ཀྱང་ཆོས་ལ་སྙིང་རུས་དགོས། །
ཁ་བཤད་བྱས་པས་མི་ཕན་ཉམས་སུ་ལོངས། །
སྡོམ་པ་ཞུས་པས་མི་ཕན་སྲོག་བཞིན་སྲུངས། །

ཤི་ཡང་འགྱོད་པ་མེད་པའི་ཉམས་ལེན་དགོས། །
ཕྱི་མ་སྡུག་བསྔལ་མེད་པའི་དགེ་བ་དགོས། །
བསྐལ་སྙིགས་དུས་ངན་མི་ལ་བློ་གཏད་མེད། །
རང་མགོ་མ་བསྐོར་འཁོར་བའི་བྱ་བཞག་ཞོག །

རང་མདོ་མ་ཤོར་ཤི་ཆོས་སྔ་སྒྲུབ་གྱིས། །
རང་ལུས་མ་ཕུང་ཆོས་མགོ་ཐོན་པ་དགོས། །
རང་སྐལ་མ་བཅད་ལུས་ལ་སྙིང་པོ་ལོངས། །
བསོད་ནམས་ཟད་པའི་རྒྱུ་ནི་བསམ་ངན་ཡིན། །
བསམ་ངན་ཡིད་ལ་མ་འཛིན་མ་ལོ་རྣམས། །

དམྱལ་བར་སྐྱེ་བའི་རྒྱུ་ནི་ཤ་འདི་ཡིན། །
སྡིག་ཟས་ཤ་ཁྲག་སྤོངས་ཤིག་མ་ལོ་རྣམས། །
སེམས་ལ་ཞོག་དང་ཁ་ཏ་འཁྲུལ་མེད་ཡིན། །

ཉམས་སུ་ལོངས་དང་ཆོས་པ་ཡང་དག་འོང་། །
དུས་ངན་སྙིགས་མའི་མི་ལ་བློ་གཏད་མེད། །
བློ་ཕུགས་ཆོས་ལ་གཏོད་ཅིག་མ་ལོ་རྣམས། །
ཅི་བསམ་ཆོས་བཞིན་འགྲུབ་འོང་མ་ལོ་རྣམས། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept