བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྗེ་བཙུན་སྒྲོལ་མ་ལྗང་སྔོན་གྱི་སྒྲུབ་ཐབས་བྱིན་རླབས་ཆར་འབེབས།

English | བོད་ཡིག

༄༅། །རྗེ་བཙུན་སྒྲོལ་མ་ལྗང་སྔོན་གྱི་སྒྲུབ་ཐབས་བྱིན་རླབས་ཆར་འབེབས་བཞུགས་སོ།།

 

ན་མ་ཨརྻ་ཏཱ་རེ་ཡེ།

རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ནི། །དཀྱིལ་འཁོར་དབང་རྫས་མཆོད་གཏོར་དང་། ཉེར་སྤྱོད་ཚོགས་གཏོར་གང་འབྱོར་བཤམས།

སྐྱབས་འགྲོ་ནི།

རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་དང་། །

རབ་འབྱམས་རྒྱལ་དང་སྲས་བཅས་ལ། །

བདག་གཞན་མཁའ་མཉམ་སེམས་ཅན་ཀུན། །

བྱང་ཆུབ་བར་དུ་སྐྱབས་སུ་མཆི། །

ལན་གསུམ།

སེམས་བསྐྱེད་ནི།

མ་གྱུར་མཁའ་མཉམ་སེམས་ཅན་ཀུན། །

སྲིད་ཞིའི་འཇིགས་པ་ལས་གྲོལ་ཕྱིར། །

རྗེ་བཙུན་བཅོམ་ལྡན་སྒྲོལ་མ་ཡི། །

བསྐྱེད་བཟླས་རྣལ་འབྱོར་འདིར་འཇུག་བྱ། །

ཡན་ལག་བདུན་པ་ནི།

རྗེ་བཙུན་འཕགས་མར་གུས་ཕྱག་འཚལ། །

མཆོད་སྤྲིན་ཚོགས་འབུལ་ཉེས་ལྟུང་བཤགས། །

དགེ་ལ་ཡི་རང་ཆོས་གསུང་བསྐུལ། །

རྟག་བཞུགས་མྱ་ངན་མི་འདའ་གསོལ། །

དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །

དེ་ནས་མཆོད་པ་བྱིན་བརླབ་ནི།

སྣང་སྲིད་ཀུན་བཟང་མཆོད་པའི་སྤྲིན། །

བདེ་ཆེན་ཟག་མེད་ཡེ་ཤེས་ཀྱིས། །

རོལ་པའི་མཆོད་པར་བྱིན་གྱིས་བརླབས། །

ཟད་མི་ཤེས་པའི་གཏེར་དུ་གྱུར། །

ཨོཾ་མ་ཧཱ་སུ་ཁ་ཛྙཱ་ན་པུ་ཛ་ས་མ་ཡ་ཁཾ།

དངོས་གཞི་ལྷ་ཡི་དེ་ཉིད་ནི།

སྟོང་པའི་ངང་ལས་སྣང་སྲིད་ཀུན། །

དག་པའི་ཞིང་གྱུར་གཞལ་མེད་ཁང་། །

མཚན་ཉིད་རྫོགས་དབུས་པདྨ་དང་། །

ཟླ་བའི་དཀྱིལ་འཁོར་ཉ་རྒྱས་སྟེང་། །

ཏཱཾ་ལས་ཨུཏྤལ་སྔོན་པོ་ལས། །

འོད་འཕྲོས་དོན་གཉིས་རབ་བྱས་ཏེ། །

ཡོངས་གྱུར་རྗེ་བཙུན་བཅོམ་ལྡན་མ། །

འཕགས་མ་སྒྲོལ་མ་ལྗང་སྔོན་ཉིད། །

ཞལ་གཅིག་ཕྱག་གཉིས་གཡས་མཆོད་སྦྱིན། །

གཡོན་པ་སྐྱབས་སྦྱིན་ཕྱག་རྒྱ་ཡིས། །

ཨུཏྤལ་ཡུ་བ་ནས་བསྣམས་ཤིང་། །

པདྨ་སྙན་ཐད་རབ་ཏུ་བཞད། །

སྣ་ཚོགས་དར་གྱི་ན་བཟའ་བཀླུབས། །

རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །

ཞབས་ཟུང་ཕྱེད་སྐྱིལ་སྟབས་ཀྱིས་བཞུགས། །

འཁོར་གྱི་ལྷ་མོ་ཉི་ཤུ་ཡང་། །

ཉི་དང་ཟེར་བཞིན་ལྷང་ངེར་རྫོགས། །

དེ་ལྟར་གཙོ་འཁོར་ལྷ་ཚོགས་ཀུན། །

བཅུ་དྲུག་ལོན་པའི་ན་ཚོད་ཅན། །

ཞི་སྒེག་ཉམས་ཅན་གནས་གསུམ་དུ། །

འབྲུ་གསུམ་ཐུགས་ཀའི་སྲོག་ཡིག་ལས། །

འོད་ཟེར་གྲངས་མེད་རབ་འཕྲོས་གྱུར། །

 

རབ་འབྱམས་རྒྱལ་བའི་ཞིང་དང་ནི། །

སེང་ལྡེང་ནགས་ཀྱི་སྐྱེད་ཚལ་ནས། །

ཕྱོགས་བཅུའི་རྒྱལ་དང་སྲས་བཅས་དང་། །

བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི། །

དཀྱིལ་འཁོར་རྒྱ་མཚོ་ས་མཱ་ཛ༔

དམ་ཚིག་པ་དང་དབྱེར་མེད་གྱུར། །

སླར་ཡང་ཐུགས་ཀའི་འོད་འཕྲོས་པས། །

དབང་ལྷ་ཡོངས་རྫོགས་སྤྱན་དྲངས་ཏེ། །

བདག་ལ་དབང་བསྐུར་མཛད་དུ་གསོལ། །

བདུད་རྩིས་རབ་གང་བུམ་པ་ཡིས། །

དབང་བསྐུར་སྐུ་གང་དྲི་མ་དག །

ཆུ་ཡི་ལྷག་མ་ཡར་འཁྱིལ་བས། །

འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། །

 

རིན་ཆེན་སྣོད་ཡངས་རྒྱ་ཆེའི་ནང་། །

ལྷ་རྫས་ལས་གྲུབ་ཉེར་སྤྱོད་ལྔ། །

ངོ་བོ་བདེ་སྟོང་རང་བཞིན་ལས། །

གྲུབ་པའི་མཆོད་སྤྲིན་འཛད་མེད་གཏེར། །

དཀྱིལ་འཁོར་ལྷ་ཚོགས་དགྱེས་མཆོད་འབུལ། །

ཨོཾ་ཨཱཿཧཱུྃཿ ཨརྻ་ཏཱ་རེ་ས་པ་རི་ཝ་ར་ཨརྒྷཾ་སོགས

ལྷ་དང་ལྷ་མིན་ཅོད་པན་གྱིས། །

ཞབས་ཀྱི་པདྨོ་ལ་བཏུད་དེ། །

ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །

སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །

 

གང་གི་སྐུ་མཆོག་རིན་ཆེན་རྒྱན་སྤྲས་པ། །

མར་གད་ལྷུན་པོར་རྒྱུ་སྐར་བཀྲམ་ཇི་བཞིན། །

མཐོང་བས་མི་ངོམས་ཀུན་ཡིད་འཕྲོག་བྱེད་མ། །

ལྷག་པའི་ལྷ་མོ་ཨུཏྤལ་བསྣམས་དེར་འདུད། །

 

ཐུགས་ཀར་ཟླ་དཀྱིལ་ཏཱཾ་ཡིག་ལྗང་སྔོན་མཐར། །

ཡི་གེ་བཅུ་པའི་སྔགས་ཀྱི་ཕྲེང་བས་བསྐོར། །

འོད་ཟེར་འཕྲོས་འདུས་དོན་གཉིས་རྫོགས་བྱས་ཏེ། །

སྣང་གྲགས་རིག་གསུམ་རྡོ་རྗེ་གསུམ་དུ་གྱུར། །

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ

ལྷ་སྔགས་ཡེ་ཤེས་རོལ་པ་ལས། །
མ་ཡེངས་རྩེ་གཅིག་དད་མོས་བློས། །
བཟླས་པས་མཆོག་ཐུན་དངོས་གྲུབ་ཐོབ། །

 

ཚོགས་རྫས་ཐམས་ཅད་འདུ་བྱས་ཏེ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བརླབས་ཏེ།

རྗེ་བཙུན་སྒྲོལ་མ་གཙོ་འཁོར་བཅས། །

རབ་འབྱམས་རྒྱལ་སྲས་རྩ་གསུམ་ལྷ། །

སྲིད་ཞིའི་མགྲོན་རིགས་ཇི་སྙེད་པ། །

ཚོགས་ཀྱི་ཞིང་འདིར་གཤེགས་སུ་གསོལ། །

ཚོགས་འབུལ་ནི།

དུས་གསུམ་རྒྱལ་བའི་ཕྲིན་ལས་ཀྱི། །

ལྷ་མཆོག་བཅོམ་ལྡན་འཕགས་མ་རྗེ། །

གཙོ་འཁོར་རྒྱ་མཚོའི་སྤྱན་སྔ་རུ། །

ཕྱི་ནང་གསང་བའི་ཚོགས་མཆོད་འབུལ། །

ཐོགས་མེད་བསགས་པའི་སྡིག་ལྟུང་བཤགས། །

གཟུང་འཛིན་དགྲ་བགེགས་དབྱིངས་སུ་སྒྲོལ། །

བླ་མེད་དམ་རྫས་ཚོགས་འདིར་རོལ། །

བདེ་ཆེན་འཁོར་ལོར་གཅིག་ཏུ་སད། །

མ་ཧཱ་ཨ་མྲྀ་ཏ་པུ་ཛ་ཧོཿ

སྐབས་འདིར་ཚོགས་ལ་རོལ།

ལྷག་མ་ནི།

ཨོཾ་ཨཱཿཧཱུྃཿ

སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །

བཀའ་ཉན་ཐ་ཚིག་ལ་གནས་ཏེ། །

ལྷག་དབང་མགྲོན་རིགས་ཐམས་ཅད་ཀུན། །

ལྷག་གཏོར་བདུད་རྩི་འདི་འབུལ་བཞེས། །

བསྟན་པ་བསྲུང་བའི་ལས་མཛོད་ཅིག །

བཛྲ་ས་མ་ཡ་མ་ཧཱ་པུ་ཛ་ཁ་ཁ་ཁཱ་ཧཱི། །

ནོངས་བཤགས་བཟོད་གསོལ་སྤྱི་ལྟར་བྱ།

དེ་ནས་བསྡུ་ལྡང་བྱ་བ་ནི།

ཨཱཿ ལྷར་སྣང་ཆོས་ཀྱི་དབྱིངས་སུ་བསྡུ། །

བདེ་ཆེན་སྒྱུ་མའི་གཟུགས་སྐུར་ལྡང་། །

སྣད་གྲགས་རིག་གསུམ་རྗེ་བཙུན་མའི། །

རྡོ་རྗེ་གསུམ་གྱི་རོལ་བར་བལྟ། །

དགེ་བསྔོ་ཤིས་བརྗོད་མཐའ་རྒྱས་བྱ།

 

ཞེས་པའང་དགོས་དབང་གཙོར་བརྟེན་གུ་རུའི་ཟབ་གཏེར་དགོངས་བཅུད་བསྟུན་ཏེ་ཚུལ་མིང་པས་སྦྱར་བ་དགེ་ལེགས་འཕེལ།། མངྒལཾ། དགེའོ། །དགེའོ།། །།

 

སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ།

Green Tārā

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept