A Torch to Illuminate Crucial Points—Tibetan
Schools & Systems › Dzogchen | Practices › Meditation | བོད་ཀྱི་བླ་མ། › སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ།

Tulku Tsultrim Zangpo
sprul sku tshul lo. gter chen las rab gling paʼi rnam thar. gser ljongs bla ma rung lnga rig nang bstan slob grwa chen mo, n.d.
༄༅། །སྒོམ་གྱི་ལམ་གནད་གསལ་བའི་སྒྲོན་མེ་བཞུགས།
དབྱིངས་སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་སྐུ། །མདངས་མ་འགགས་གསལ་བ་ལོངས་སྤྱོད་རྫོགས། །རྩལ་རིས་མེད་འཆར་བ་སྤྲུལ་པའི་སྐུ། །སྐུ་གསུམ་གྱི་བདག་ཉིད་བླ་མར་འདུད། །དབྱིངས་སྟོང་པའི་ཡེ་ཤེས་བླ་མར་མཐོང་། །ལྷུན་གྲུབ་ཀྱི་རང་བཞིན་ཡི་དམ་ལྷ། །ཐུགས་རྗེ་ཡི་རྩལ་མདངས་མཁའ་འགྲོ་སྟེ། །རྩ་གསུམ་གྱི་བདག་ཉིད་རང་རིག་རྒྱལ། །འདིར་ཆོས་ཀྱི་གནས་ལུགས་མཐར་ཐུག་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉག་གཅིག་ཡིན་ལ། དེ་མངོན་དུ་བྱས་ན་འཁོར་འདས་ཀྱི་གནས་ལུགས་མངོན་དུ་གྱུར་བར་འཇོག་ནུས་ཏེ། ཆོས་ཉིད་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར་རོ། །དེའི་ཚུལ་ཡང་ཀུན་བྱེད་ཀྱི་ཆོས་ཀྱི་རང་བཞིན་མཐའི་སྤྲོས་པ་ལས་གྲོལ་བའི་སྟོང་པ་ཉིད་ཁོ་ན་སྟེ། སྟོང་པ་དེའང་མཐར་གཏུགས་ན་སེམས་ཀྱི་རང་བཞིན་དུ་བཞུགས་པའི་སྟོང་པ་རིག་པའི་སྙིང་པོ་ཅན་ལས་རྒྱང་ཆད་དུ་རྟོགས་པ་མེད་དེ། རྣལ་འབྱོར་པས་སེམས་ཉིད་ལ་མཉམ་པར་བཞག་པ་ན་འཁོར་འདས་ཀྱི་ཆོས་རྣམས་སྟོང་པའི་ཡེ་ཤེས་དེའི་རྣམ་རོལ་དུ་འཆར་བ་ཡིན་པས་སོ། །སེམས་ཉིད་ལ་མ་ལྟོས་པའི་ཆོས་ཉིད་ཟུར་པ་ཞིག་ཡོད་ན། ཆོས་ཉིད་དེའི་ཆོས་ཅན་ཡང་སེམས་ཉིད་ལས་ཐ་དད་པར་རང་དབང་བའི་ཆོས་སུ་འགྱུར་བ་ཞིག་ན། དེ་བདེན་གྲུབ་ཏུ་འཇོག་པ་ལས་འོས་མེད། དེ་ལྟར་ན་ཆོས་ཉིད་ཡང་བདེན་སྟོང་དུ་མི་འཐད་པས། བདེན་གྲུབ་ཉིད་ཆོས་ཉིད་དུ་ཐལ་བའོ། །དེས་ན་རྩལ་སྣང་ཐམས་ཅད་རིག་པའི་རྣམ་འཕྲུལ་ལས་གཞན་དུ་མ་གྲུབ་པས་ཡུལ་ཅིར་སྣང་ཡང་རིག་པ་མེ་ལོང་ལྟ་བུ་ལས་ཕར་ཤར་བ་མ་གཏོགས་འཆར་གཞི་ཚུགས་ཐུབས་ཀྱིས་གྲུབ་པའི་ཆོས་ཤིག་ཡོད་ནས་ཚུར་ཤར་བ་མ་ཡིན་ནོ། །དེ་ལྟ་ན་དག་མ་དག་པའི་ཆོས་རྣམས་རིག་པའི་སྟོབས་ཤུགས་ལས་ཤར་བ་ཉིད་དོ། །དེའི་ཕྱིར་ན་སེམས་སྟོང་པའི་ཡེ་ཤེས་སུ་མཉམ་པར་བཞག་ཅིང་དེ་རྟོགས་ནས་ཆོས་ཐམས་ཅད་མེད་སྣང་སྟོང་པའི་གཟུགས་སུ་འཆར་འོང་བ་ཡིན། འོ་ན་སེམས་ཉིད་ལ་མཉམ་པར་འཇོག་ཚུལ་ནི། ད་ལྟར་སེམས་འདི་ཉིད་ཞེན་འཛིན་དམིགས་གཏད་ཅན་དུ་མཆེད་བཞིན་པའི་རང་དུས་ནས་ཀྱང་ཤེས་པའི་རང་ངོ་ཞེན་འཛིན་གྱི་རྙོགས་དང་བྲལ་བའི་ཟང་ཐལ་བའི་ངང་ནས་གཡོ་མ་མྱོང་བར་ཡོད་པས། དེ་མངོན་དུ་བྱས་ཏེ་འཇོག་དགོས་ལ་དེའང་རང་གི་ངོ་བོ་དེ་རྟོག་བྲལ་སྟོང་པའི་ཆ་དང་། གཡོ་མེད་གནས་པའི་ཆ་དང་། མྱོང་བ་བདེ་བའི་ཆ། གསལ་བ་ཤེས་རབ་ཀྱི་ཆ་སོགས་ཡོན་ཏན་དུ་མའི་བདག་ཉིད་དུ་ཡེ་རྫོགས་ལྷུན་གྲུབ་ཏུ་ཡོད་པས་རིག་པ་མངོན་དུ་གྱུར་འོང་ཚེ་རང་གི་ཡོན་ཏན་དེ་རྣམས་རང་ཤུགས་ཀྱིས་མངོན་དུ་མི་འགྱུར་མི་སྲིད་པས། དེའི་སྐབས་སུ་བདེ་གསལ་སོགས་ཡོན་ཏན་དེ་དག་གང་དུ་ཤར་ཀྱང་། དེར་དམིགས་གཏད་ཀྱིས་མི་བལྟ་ཞིང་དེའི་ངང་ལ་མི་གནས་པར་རྟོག་བྲལ་ཤེས་ཙམ་པའི་ཤེས་རབ་ཀྱི་ཆ་དེ་རིག་ཆ་ཟེར་བས་དེ་ཀ་རང་གི་ཐོག་ཏུ་མ་བརྗེད་མ་བོར་ཙམ་བྱས་ཏེ་བཅོས་མེད་རང་བབས་སུ་འཇོག་དགོས་པ་ཡིན། དེ་ལྟར་རང་ངོ་ཤེས་ཙམ་མ་བརྗེད་ཙམ་གྱི་རྒྱུན་སྐྱོང་བ་ནི། རང་བབས་ཀྱི་ཡེ་བསྒོམ་ལ་ཡང་བསྒོམ་གྱིས་བཅོས་བསླད་མེད་པའི་ངང་ལ་རྒྱུན་མར་གནས་ནུས་ན་ཡེངས་སུ་མེད་ཅིང་དམིགས་གཏད་ཀྱི་སྒོམ་དུ་མེད་པ་ལ་ཆོས་ཉིད་གཉུག་མའི་དྲན་པ་ཞེས་བྱ་ལ། མ་ཡང་བའི་དུས་ན་མ་བརྗེད་ཙམ་དང་ཤེས་ཙམ་མ་བོར་བར་ཡོད་པ་དེ་དང་། གཡེང་བའི་དུས་ན་རང་ངོ་ཤེས་ཙམ་ནས་གཡེང་མཁན་བོར་ཏེ་ཤེས་ཙམ་པ་དང་དབྱེར་མེད་ཐ་མི་དད་དུ་འགྲོ་བ་ནི་དྲན་སྣང་ཡེ་ཤེས་སུ་འཆར་བའི་མགོ་བརྩམ་པ་ཡིན་པར་གསུངས་པས་ལྟ་བྱ་ལྟ་བྱེད་གནས་བྱ་གནས་བྱེད་སྐྱོང་བྱ་སྐྱོང་བྱེད་ཐ་དད་དུ་མ་སོང་བར། རང་ངོ་མཐོང་ཙམ་པ་དེའི་ངང་ལ་རྩོལ་མེད་རང་བཞག་གི་རྒྱུན་བསྐྱངས་ན། ཡེངས་ཡུལ་ཆོས་ཉིད་དུ་ཟད་དེ་དབྱིངས་གཅིག་གི་རང་བཞིན་ལས་མི་འདའ་བས། མཉམ་རྗེས་གང་གི་དུས་སུའང་རྟོག་དཔྱོད་ཐེ་ཚོམ་ཡིན་མིན་གྱི་འཆིང་ཞེན་ཐམས་ཅད་རང་གྲོལ་ལ་སོང་ནས། ནམ་མཁའི་རྣལ་འབྱོར་ཞེས་གྲགས་པ་ཡིན། རིག་ཆ་དེས་ཅི་ཤེས་ན་ཤེས་རབ་ལྷག་མཐོང་དུ་འགྱུར་རམ་སྙམ་ན། དེའི་ཤེས་བྱ་རིག་བྱ་ནི་རིག་པ་རང་གི་དབྱིངས་སྟོང་པ་དེ་ཉིད་ཡེ་ནས་མངོན་དུ་བྱས་དེ་ནམ་ཡང་དབྱིངས་དེ་ལས་གཡོ་འཕོ་སྐད་ཅིག་ཙམ་ཡང་བྱེད་མ་མྱོང་བ་ཡིན་པས། ད་ལྟ་མཉམ་པར་བཞག་སྐབས་སུ་ཡང་རིག་པ་ལ་སྟོང་པའི་ལྷན་པ་གསར་དུ་འདེབས་མི་དགོས་པར་རིག་པ་ཁོའི་སྟེང་ལ་རང་བབས་སུ་ཅོག་བཞག་བྱས་པ་གཅིག་པུའི་མཐུ་ལས་སྟོང་པ་མྱུར་དུ་རྟོགས་འགྲོ་བ་ཡིན་ནོ། །སྤྲོས་བྲལ་གྱི་རིག་པ་ཧུ་རེ་བ་རང་བབས་སུ་འཇོག་པའི་སྒོམ་པ་དེ། ཐ་མལ་བའི་ཤེས་པ་སྐྱོང་བ་ཡིན། ཡུལ་རྗེས་སུ་ཕར་ལ་མ་འཁྱམས་ཤིང་། རིག་ཙམ་པའི་ངང་དུ་ཚུར་གནས་ཏེ་ལྷོད་ཆགས་པའི་དྲན་པ་བསྟེན་པ་གཅེས། མཉམ་བཞག་དང་རྗེས་ཐོབ་གང་གི་དུས། དྲན་ཙམ་གྱི་ངང་ལས་མ་གཡོས་ན། །མི་བསྒོམ་པའི་བསྒོམ་པ་ཆེ་ཞེས་གྲགས། །དུས་ཀུན་ཏུ་མ་བརྗེད་བརྩོན་པར་རེམ། །དགེ་འདིའི་མཐུས་མ་རྒན་སེམས་ཅན་ཀུན། །བྱང་ཆུབ་ཀྱི་གོ་འཕང་མྱུར་ཐོབ་སྨོན། །ཞེས་པ་འདིའང་གདོང་སྣ་རྒྱན་ལོ་དང་བཙུན་པ་ཡི་ལོའི་ངོར་ཚུལ་མིང་པས་སྨྲས་པ་དགེ་ལེགས་འཕེལ། །རྫོགས་ཆེན་གྱི་བསྟན་པ་ཕྱོགས་མེད་དུ་འཕེལ་བར་ཤོག །