Heart Sūtra (with Extras)—Tibetan

Buddhist Philosophy › Prajñāpāramitā | Buddhist Philosophy › Emptiness | Collections & Cycles › Nyingma Mönlam | Practices › Averting Obstacles | སངས་རྒྱས་ཀྱི་བཀའ།

English | Español | བོད་ཡིག

Buddha

ཤེར་ཕྱིན།

Further information:
Download this text:

༄༅། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། །

 

སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །

མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །

སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །

དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །

༈ རྒྱ་གར་སྐད་དུ།

བྷ་ག་བ་ཏི་པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ།

བོད་སྐད་དུ།

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། །

 

བམ་པོ་གཅིག་གོ

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །

 

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།

བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང༌།

བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ།

དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །

ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་།

ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །

དེ་ནས་སངས་རྒྱས་ཀྱི་མཐུས།

ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །

རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ།

དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །

ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ།

ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །

གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །

གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །

སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །

དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌།

འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །

ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ།

མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ།

དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ།

བྲི་བ་མེད་པ། གང་བ་མེད་པའོ། །

ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད།

ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད།

མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད།

གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །

མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད།

ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །

མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད།

རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །

སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌།

འགོག་པ་དང༌། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད།

མ་ཐོབ་པ་ཡང་མེད་དོ། །

ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ།

སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ།

ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །

དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །

དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས།

རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས།

མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས།

མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ།

ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ།

ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །

དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས།

ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ།

ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ།

དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།

ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌།

ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌།

ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།

བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།  །།

༈ ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ།

མདོ་སྒྲུབ་བྱ་བར་འདོད་ན། མདུན་མཁར་དེ་བཞིན་གཤེགས་པ་བདུད་འདུལ་གྱི་ཕྱག་རྒྱ་ཅན་གྱི་འཁོར་དུ་སྤྱན་རས་གཟིགས་དང་། ཤཱ་རིའི་བུ་གཉིས་དྲི་ལན་མཛད་པ་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་གྱིས་བསྐོར་བར་མོས་ལ། སྟོང་པ་ཉིད་ཀྱི་དོན་ལ་སེམས་བཞིན་དུ་མདོ་ཟབ་མོ་བདུན་ཡན་ཆད་ཅི་མང་དང་། རིག་སྔགས་ཀྱང་ཅི་རིགས་པར་བཟློགས་ནས། མཐར་བདུད་བཟློག་བྱ་ན།

༈ ན་མོ་བླ་མ་ལ་ཕྱག་འཚལ་ལོ། །

སངས་རྒྱས་ལ་ཕྱག་འཚལ་ལོ། །

ཆོས་ལ་ཕྱག་འཚལ་ལོ། །

དགེ་འདུན་ལ་ཕྱག་འཚལ་ལོ། །

ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །

ཁྱེད་རྣམས་ལ་ཕྱག་འཚལ་བའི་མཐུ་དང་ནུས་པ་ལ་བརྟེན་ནས།

བདག་ཅག་གི་ཚིག་འདི་འགྲུབ་པར་གྱུར་ཅིག །

ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། །

བདུད་སྡིག་ཅན་ལ་སོགས་པ་ཕྱིར་བཟློག་པ་དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། །

བདག་འཁོར་དང་བཅས་པའི་དམ་པའི་ཆོས་སྒྲུབ་པའི་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །

མེད་པར་གྱུར་ཅིག །

ཞི་བར་གྱུར་ཅིག །

རབ་ཏུ་ཞི་བར་གྱུར་ཅིག །

༈ གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །

འགག་པ་མེད་པ་སྐྱེ་མེད་པ། །

ཆད་པ་མེད་པ་རྟག་མེད་པ། །

འོང་བ་མེད་པ་འགྲོ་མེད་པ། །

ཐ་དད་དོན་མིན་དོན་གཅིག་མིན། །

སྤྲོས་པ་ཉེར་ཞི་ཞི་སྟོན་པ། །

རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །

དམ་པ་དེ་ལ་ཕྱག་འཚལ་ལོ། །

 

རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །

ཕྱི་དང་ནང་གི་འཚེ་བ་ཡི། །

བར་དུ་གཅོད་པ་ཐམས་ཅད་ཀུན། །

ཉེ་བར་ཞི་བར་མཛད་དུ་གསོལ། །

 

གཞན་ཡང་སྐྱེ་བ་འདི་ཉིད་དུ། །

མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །

ཚེ་རིང་ནད་མེད་ཕུན་སུམ་ཚོགས། །

རྟག་ཏུ་བདེ་དང་ལྡན་གྱུར་ཅིག།  །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept