The Ganges Mahāmudrā Instructions—Tibetan

Schools & Systems › Mahāmudrā | Collections & Cycles › Tengyur | Collections & Cycles › Damngak Dzö | འཕགས་ཡུལ་གྱི་སྐྱེས་བུ་དམ་པ།ཏེ་ལོ་པ།

English | Español | Français | 中文 | བོད་ཡིག

ཏེ་ལོ་པ།

ཏེ་ལོ་པ།

Further information:
Download this text:

༄༅། །ཕྱག་རྒྱ་ཆེན་པོའི་མན་ངག

རྒྱ་གར་སྐད་དུ། མ་ཧཱ་མུ་དྲཱ་ཨུ་པ་དེ་ཤཾ།
བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག །

དཔལ་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ། །

ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་། །
དཀའ་བ་སྤྱོད་ཅིང་བླ་མ་ལ་གུས་པས། །
སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །
སྐལ་ལྡན་ཁྱོད་ཀྱི་སྙིང་ལ་འདི་ལྟར་བྱོས། །

ཀྱེ་ཧོ་འཇིག་རྟེན་ཆོས་ལ་ལེགས་ལྟོས་དང་། །
རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །
རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །
དེས་ན་སྐྱོ་བ་བསྐྱེད་ལ་འཇིག་རྟེན་བྱ་བ་ཐོང་། །
འཁོར་ཡུལ་ཆགས་སྡང་འབྲེལ་བ་ཀུན་ཆོད་ལ། །
གཅིག་པུར་ནགས་འདབས་རི་ཁྲོད་དགོན་པར་སྒོམས། །
བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །
ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོབ། །
འཁོར་བའི་ཆོས་འདི་དོན་མེད་སྡུག་བསྔལ་རྒྱུ། །
བྱས་ཆོས་སྙིང་པོ་མེད་པས་དོན་དམ་སྙིང་པོར་ལྟོས། །
བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །
བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་བསླེབ། །
བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །
རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །
རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །
སྣང་བ་དགག་སྒྲུབ་མི་བྱ་རང་སོར་ཞོག །
སྤང་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། །
དཔེར་ན་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས། །
རྩ་བཅད་ཡལ་ག་ལོ་འདབ་ཁྲི་འབུམ་སྐམ། །
དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །
སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །
དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །
བསྐལ་པར་བསགས་པའི་སྡིག་སྒྲིབ་མ་ལུས་སེལ། །
བློ་དམན་སྐྱེ་བོ་དོན་ལ་མི་གནས་ན། །
རླུང་གི་གནད་བཟུང་ཤེས་པ་གཅུད་ལ་བོར། །
ལྟ་སྟངས་དང་ནི་སེམས་འཛིན་དུ་མ་ཡིས། །
རིག་པ་ངང་ལ་མི་གནས་བར་དུ་གཅུན། །
དཔེར་ན་ནམ་མཁའ་དཀྱིལ་ནི་བརྟག་བྱས་ན། །
དེ་བཞིན་སེཾ་ཀྱི་རྩད་བཅད་འཁོར་བའི་ལོ་འདབ་སྐམ། །

སེཾ་ནི་ནམ་མཁའི་དཀྱིལ་ལྟར་བསམ་ཡུལ་འདས། །
མཐའ་དང་དབུས་སུ་འཛིན་པ་འགག་པར་འགྱུར། །
དེ་བཞིན་སེམས་ཀྱིས་སེམས་ལ་བརྟག་བྱས་ན། །
རྣམ་རྟོག་ཚོགས་འགག་སེམས་ཀྱི་རང་བཞིན་མཐོང་། །
དཔེར་ན་ས་རླངས་སྤྲིན་རྣམས་ནམ་མཁར་དེངས། །
གར་ཡང་སོང་མེད་གར་ཡང་གནས་པ་མེད། །
དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང་། །
རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དེངས། །
དཔེར་ན་ནམ་མཁའ་ཁ་དོག་དབྱིབས་ལས་འདས། །
དཀར་ནག་དག་གིས་གོས་མེད་འགྱུར་བ་མེད། །
དེ་བཞིན་རང་སེམས་ཁ་དོག་དབྱིབས་ལས་འདས། །
དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །
དཔེར་ན་གསལ་དག་ཉི་མའི་སྙིང་པོ་དེ། །
བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་ནུས། །
དེ་བཞིན་རང་སེམས་སྙིང་པོ་འོད་གསལ་དེ། །
བསྐལ་པར་འཁོར་བས་སྒྲིབ་པར་མི་ནུས་སོ། །
དཔེར་ན་ནམ་མཁའ་སྟོང་པར་རབ་བཏགས་ཀྱང་། །
ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །
དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །
བརྗོད་པས་འདི་འདྲར་གྲུབ་ཅེས་གདགས་གཞི་མེད། །
དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །
དེ་བཞིན་རང་སེམས་ཕྱག་ཆེན་བརྟེན་ཡུལ་མེད། །
མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །
བཅིངས་པ་གློད་གྱུར་གྲོལ་བར་ཐེ་ཚོམ་མེད། །
དེ་ལྟར་སེམས་ཀྱི་རང་བཞིན་ནམ་མཁའ་འདྲ། །
ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །
ལུས་ཀྱི་བྱ་བ་ཡོངས་ཐོང་དལ་བར་སྡོད། །
ངག་གི་སྨྲ་བརྗོད་མ་མང་བྲག་ཆ་འདྲ། །
ཡིད་ལ་མི་སེམས་ལ་བཟླའི་ཆོས་ལ་ལྟོས། །
ལུས་ལ་སྙིང་པོ་མེད་པས་སྨྱུག་སྡོང་འདྲ། །
དེའི་ངང་བཏང་བཞག་མེད་པར་གློད་ལ་ཞོག །
སེམས་ལ་གཏད་སོ་མེད་ན་ཕྱག་ཆེན་ཡིན། །
དེ་ལ་གོམས་པས་བླ་མེད་བྱང་ཆུབ་ཐོབ། །
དམིཊ་པའི་ཡུལ་མེད་སེམས་ཀྱི་རང་བཞིན་གསལ། །
བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན། །
བསྒོམ་མེད་གོམས་པས་བླ་མེད་བྱང་ཆུབ་འཐོབ། །
གཟུང་འཛིན་ཀུན་འདས་ལྟ་བའི་རྒྱལ་པོ་ཡིན། །
ཡེང་བ་མེད་ན་སྒོམ་པའི་རྒྱལ་པོ་ཡིན། །
བྱ་རྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །
རེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར། །
ཀུན་གཞི་སྐྱེ་མེད་བག་ཆགས་སྒྲིབ་གཡོགས་སངས། །
མཉམ་རྗེས་མི་བྱ་སྐྱེ་མེད་སྙིང་པོར་ཞོག །
སྣང་བ་རང་སྣང་བློ་ཡི་ཆོས་རྣམས་ཟད། །
མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་མཆོག །
མུ་མེད་གཏིང་ཡངས་སྒོམ་པའི་རྒྱལ་པོ་མཆོག །
བྱར་མེད་རང་གནས་སྤྱོད་པའི་རྒྱལ་པོ་མཆོག །
རེ་མེད་རང་གནས་འབྲས་བུའི་རྒྱལ་པོ་མཆོག་ཡིན་ནོ། །

ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །
དེ་བཞིན་སེཾ་ཀྱི་རྩད་བཅད་འཁོར་བའི་ལོ་འདབ་སྐམ། །
སེཾ་ནི་ནམ་མཁའི་དཀྱིལ་ལྟར་བསམ་ཡུལ་འདས། །
བར་དུ་ཆུ་བོ་གངྒཱ་དལ་གྱིས་འབབ། །
ཐ་མ་ཆུ་ཕྲན་མ་བུ་འཕྲད་པ་འདྲ། །
སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པར་སྨྲ། །
འདུལ་བ་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། །
རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ཀྱང་། །
འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །
ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །
རང་བྱུང་རང་ཞི་ཆུ་ཡི་པ་ཊཱ་འདྲ། །
ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་སྒྲིབ། །
རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལས་ཉམས། །
མི་གནས་མི་དམིགས་དོན་ལ་མི་འདའ་ན། །
དམ་ཚིག་ཉམས་མེད་མུན་པའི་སྒྲོན་མེ་ཡིན། །
ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །
སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །
དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །
དོན་འདིར་མཉམ་བཞག་མ་རིག་སྡིག་སྒྲིབ་སྲེག །
བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། །
དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །
འཁོར་བའི་ཆུ་བོས་རྟག་ཏུ་འཁྱེར་བར་ཟད། །
ངན་སོང་སྡུག་བསྔལ་མི་བཟོད་སྙིང་རེ་རྗེ། །
སྡུག་བསྔལ་ཐར་འདོད་བླ་མ་མཁས་པ་བསྟེན། །
བྱིན་རླབས་ཞུགས་པས་རང་སེམས་གྲོལ་བར་འགྱུར། །
ལས་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །
ཐབས་དང་ཤེས་རབ་བྱིན་རླབས་སྙོམས་པར་ཞུགས། །
དལ་བར་དབབ་ཅིང་བསྐྱིལ་བཟློག་དྲང་བ་དང་། །
གནས་སུ་བསྐྱལ་དང་ལུས་ལ་ཁྱབ་པར་བྱ། །
དེ་ལ་ཞེན་མེད་བདེ་སྟོང་ཡེ་ཤེས་འཆར། །
ཚེ་རིང་སྐྲ་དཀར་མེད་ཅིང་ཟླ་ལྟར་རྒྱས། །
བཀྲག་མདངས་གསལ་ཞིང་སྟོབས་ཀྱང་སེང་གེ་འདྲ། །
ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ། །
ཕྱག་རྒྱ་ཆེན་པོ་གནད་ཀྱི་གདམས་པ་འདི། །
འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །

༧ རྗེ་ཏེེ་ལོ་པས་ནཱ་རོ་པ་ལ་ཆུ་བོ་གངྒཱའི་འགྲམ་དུ་གསུངས་པ་རྫོགས་སོ།། །།མངྒལཾ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept