བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གུ་རུའི་བླ་སྒྲུབ་སྤྱིའི་ཚོགས་མཆོད་རྡོ་རྗེའི་ཚིག་རྐང་དང་འབྲེལ་བ་ཚོགས་གཉིས་སྤྲིན་ཕུང་།

English | བོད་ཡིག

༄༅། །གུ་རུའི་བླ་སྒྲུབ་སྤྱིའི་ཚོགས་མཆོད་རྡོ་རྗེའི་ཚིག་རྐང་དང་འབྲེལ་བ་ཚོགས་གཉིས་སྤྲིན་ཕུང་བཞུགས།

 

བཟའ་བཏུང་ཅི་འབྱོར་བཤམས་ལ།

རྃ་ཡྃ་ཁྃ༔ ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་སྣང་སྦྱངས༔

སྣོད་བཅུད་གཞིར་གཞེངས་རྡོ་རྗེའི་ལོངས་སྤྱོད་གྱུར༔

ༀ་ཨཱཿཧཱུྃ༔ ཧ་ཧོཿཧྲཱིཿས་བྱིན་རླབས།

སྤྱན་འདྲེན་མཆོད་འབུལ་ནི།

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔

འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན། །

བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

གནས་མཆོག་འདི་རུ་བྱིན་ཕོབ་ལ༔

ཚོགས་མཆོད་ཡེ་ཤེས་བདུད་རྩིར་སྒྱུར། །

སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔

བགེགས་དང་ལོག་འདྲེན་བར་ཆད་སོལ༔

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

 

ཧྲཱིཿ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔

དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔

བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔

རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་ལྷ་ཚོགས་ལ༔

རྡོ་རྗེའི་ལོངས་སྤྱོད་འདོད་ཡོན་རྒྱ་མཚོའི་སྤྲིན༔

བདེ་སྟོང་ཟུང་འཇུག་ཚོགས་ཀྱི་དགྱེས་མཆོད་འབུལ༔

ཐུགས་དམ་བསྐང་གྱུར་ཉམས་ཆག་སྡིག་ལྟུང་བཤགས༔

གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔

ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

 

ཞེས་པ་འདིའང་དམ་པས་གནང་བ་ཐོབ་ཅིང༌། ཉེ་གནས་བདུད་འདུལ་ནས་རྟེན་བཅས་བསྐུལ་ངོར། མཆོག་གླིང་གཏེར་སྲས་སྤྲུལ་མིང་པས་བྲིས་པ་ཤུ་བྷཾ།། །།

 

མཆོག་གླིང་གཏེར་སྲས་སྤྲུལ་སྐུ།

Guru Padmasambhava

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept