The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Lama Norlha Praise—Tibetan

English | བོད་ཡིག

༄༅། །གུ་རུ་སྐྱེས་མཆོག་ཚུལ་བཟང་ལ་བསྔགས་པ་འདོད་འབྱུང་དབྱིག་གི་སྒྲ་སྙན་ཞེས་བྱ་བ་བཞུགས་སོ། །

ཀ་ལ་པིངྐའི་གླུ་ལྟར་ཤིས་པའི་ཚིག །
ཁ་རྡུལ་མེ་ཏོག་ལས་ལྷག་རྣམ་དཀར་འབྲས། །
ག་བུར་སྨན་གྱིས་ཚད་གདུང་བཞིན་སེལ་ལྷ། །
ང་ཡི་སྐྱབས་གཅིག་སྐྱེས་མཆོག་ཚུལ་བཟང་གྲགས། །

ཅ་རེ་ཚོགས་དྲུག་ཡུལ་དུ་ཡིད་འོང་རྫས། །
ཆ་བྱད་གོས་རྒྱན་ཟས་ནོར་འདོད་དགུའི་དབྱིག །
ཇ་ཆང་ས་གསུམ་དཔལ་འབྱོར་ཕུན་ཚོགས་གཏེར། །
ཉ་ཟླས་སྐྱོང་བའི་ཆུ་གཏེར་བཞིན་སྩོལ་མཛད། །

ཏ་ནའི་ནུ་མ་མྱོས་བུམ་རབ་སྒེག་དཔལ་མོའི་གྲོགས། །
ཐ་དད་ས་གསུམ་སྲིད་ཞིའི་དགེ་ལེགས་གཏེར། །
དཱ་ནའི་ཕ་རོལ་ཕྱིན་པའི་འབྲས་བུ་ལས། །
ན་ཚོད་གསར་དུ་བདོ་བཞིན་སྩོལ་ལ་བསྟོད། །

པ་ར་སིདྡྷི་ལུང་རྟོགས་རྫོགས་ལྡན་སྤྲིན། །
ཕ་མཐའ་ཡས་པའི་ཞིང་ཁྱབ་ཕན་བདེའི་ལས། །
བ་མཆོག་རིན་ཆེན་བུམ་བཟང་དཔག་བསམ་ཚལ། །
མ་ལུས་དབྱིག་ཀུན་ཁྱོད་ཀྱི་མཐུ་ལས་སྣང༌། །

ཙནྡན་ནགས་ལས་འཕོས་པའི་ལྷོ་རླུང་གིས། །
ཚ་གདུང་སེལ་བཞིན་ཁྱོད་མཚན་ལྷ་དབང་རྔས། །
ཛ་ཡནྟུ་ཞེས་བསྐུལ་བས་ཆེ་རྒུའི་ཚོགས། །
ཝ་སྐྱེས་ལྟར་འཁུམ་ཕྱག་གིས་འདུད་པར་བྱེད། །

ཞྭ་ཉེ་ལྟར་ལྕིའི་ལྔ་བདོའི་རྒུད་པ་ཡིས། །
ཟ་འདྲེ་ཡི་དྭགས་བཞིན་དུ་རྒུད་པའི་དབལ། །
འ་འོལ་ཙམ་མིན་སེལ་མཛད་གནོད་གནས་དབང༌། །
ཡ་མཚན་རྨད་བྱུང་དཔལ་སྟུག་གྲགས་པས་ལྕིད། །

ར་ལུག་རྟ་ནོར་རྔོག་ཆགས་གཅན་གཟན་ཁྱུ། །
ལ་ཀླུང་ཁྱབ་པའི་ཕྱུགས་དང་རིན་ཆེན་དབྱིག །
ཤ་ཟ་གནོད་སྦྱིན་ཟས་ནོར་གོ་མཚོན་དང༌། །
ས་གསུམ་ཕྱྭ་གཡང་དངོས་གྲུབ་འདོད་དགུའི་སྙེམས། །

ཧྭག་གི་ཟས་བཞིན་ཁྱོད་མཚན་ནོར་བུའི་ཏོག །
ཨ་ཧོ་དགྱེས་པས་མཆོད་པའི་དེ་མ་ཐག །
ཨ་རུའི་སྨན་བཞིན་རྒུད་སེལ་བདུད་རྩིའི་སྐྱེས། །
ཨ་ཧོ་དགོས་པ་ཆེན་པོ་སྩོལ་ལ་བསྟོད། །

ཨེ་མ་མགོན་ཁྱོད་དཔལ་ལ་ཡིད་དྭངས་བས། །
ཨ་དཱི་ཀ་དཱིའི་ཕྲེང་བའི་ཚིགས་སུ་བཅད། །
ཨུ་རྒྱན་བླ་མའི་སྒྱུ་འཕྲུལ་ལ་བསྔགས་མཐུས། །
ཨོ་ཌཱིའི་གྲོང་བཞིན་གྲུབ་གཉིས་མྱུར་སྩོལ་གསོལ། །

བསྔགས་བརྗོད་ཀྱི་རབ་བྱེད་དྲུག་པའོ།།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Lama Norlha

This website uses cookies to collect anonymous usage statistics and enhance the user experience.
Decline
Accept