བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

སྒྲོལ་མ་དབྱངས་ཅན་མའི་སྒྲུབ་ཐབས།

English | བོད་ཡིག

༄༅། །སྒྲོལ་མ་དབྱངས་ཅན་མའི་སྒྲུབ་ཐབས་བཞུགས།

 

སྐྱབས་སེམས་ནི།

ན་མོ། བླ་མ་མཆོག་གསུམ་མྱུར་མ་དཔལ། །

གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །

བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །

འཕགས་མ་དབྱངས་ཅན་བསྒྲུབ་པར་བགྱི། །

ལན་གསུམ།

ཨ། རང་ཉིད་སྐད་ཅིག་པད་ཟླའི་སྟེང༌༔

དབྱངས་ཅན་མ་ནི་སྟོན་ཟླའི་ཞལ༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང༌༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

མེ་ལོང་ཧྲཱིཾ་མཚན་ཨུཏྤལ་འཛིན༔

འོད་ཟེར་འཕྲོས་པས་རྒྱལ་རྣམས་ཀྱི༔

མཁྱེན་རབ་སོ་སོ་ཡང་དག་རིག༔

སྐར་མ་སྟོང་ཕྲག་ཚོགས་པ་ལྟའི༔

བློ་གྲོས་གཏེར་ཁ་འབྱེད་པར་བསམ༔

ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲཛྙཱ་ཧྲཱིཾཿཧྲཱིཾཿསྭཱ་ཧཱཿ

ཞེས་གཙོ་བོར་བཟླ།

བློ་རྣོ་བར་འདོད་ན།

ཧྲཱིཾ་ཧྲཱིཾ་ཧྲཱིཾཿ

སུམ་སྦྲེལ་དང༌། ཐོ་རངས་ཆུ་གཙང་ཁྱོར་གང་ལ།

ཏདྱ་ཐཱ། ཁ་ལི་ཁ་ལི་བ་ལི་ཏེ་སྭཱ་ཧཱ༔

ཞེས་བཏབ་པས་བཀྲུ་ཞིང་ཁོང་དུ་བཏུང་བས་བློ་གྲོས་མེ་ལྟར་དུ་འབར་བར་འགྱུར་རོ། །

 

བློ་གྲོས་བརྟན་པར་འདོད་ན།

ཏདྱ་ཐཱ༔ སྨྲྀ་ཏི་མ་ཏི་པྲཛྙཱ་ཧུ་རུ་མེ་སྭཱ་ཧཱ༔

ཞེས་མང་དུ་བཟླས་པ་ཐོ་རངས་ལ་རིལ་བུ་རེ་ཟོས་པས་བློ་གྲོས་ཤིན་ཏུ་བརྟན་པར་འགྱུར་རོ།

 

བློ་གྲོས་ཟབ་པར་འདོད་ན། ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་ལ་རང་སྔགས་བཟླ། སིནྡྷཱུ་ར་ལ།

ཨོཾ་སྨྲྀ་ཏི་མ་ཏི་གམྦྷཱི་ར་ཧྲཱིཿསྭཱ་ཧཱ༔

ཞེས་མང་དུ་བསྔགས་པ་ཞུན་མར་དང་སྦྱར་ནས་ཟོས་པས་བློ་གྲོས་རྒྱ་མཚོའི་གཏེར་ལྟར་ཟབ་པར་འགྱུར་རོ༔

 

ཤེས་རབ་རྒྱ་ཆེ་བར་འདོད་ན། རྟག་ངུའི་བཅུད་ལེན་གྱི་རྫས་རྣམས་སྨན་མར་ལ་སྦྱར་ཏེ།

ཨོཾ་མ་ཧཱ་མ་ཏི་པྲཛྙཱ་ཛྙཱ་ན་ཧུ་རུ་ཧུ་རུ་བརྡྷཱ་ནི་སྭཱ་ཧཱ༔

ཞེས་པའི་སྔགས་བཏབ་པ་ཐོ་རངས་སུ་བསྟེན། དེའི་ཚེ་ཤ་ཆང་སྒོག་ཙོང་ལན་ཚྭ་སོགས་གནོད་པའི་ཁ་ཟས་སྤངས་པས་བློ་གྲོས་ནམ་མཁའ་ལྟར་ཡངས་པར་འགྱུར་རོ། །

 

དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཅས་བརྗོད།

མཆོད་པ་ནི།

མེ་ཏོག་བདུག་སྤོས་མར་མེ་དྲི། །

ཞལ་ཟས་རོལ་མོ་ལ་སོགས་པ། །

དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །

འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །

 

ཞིང་ཁམས་རྡོ་རྗེའི་ས་གཞི་ལ། །

གླིང་བཞི་རི་རབ་མཆོད་པའི་སྤྲིན། །

རབ་འབྱམས་བསམ་ཡས་རྒྱན་ཕྲེང་འབར། །

སྒྲོལ་མ་རྒྱལ་བ་ཀུན་ཡུམ་མར། །

མཆོག་ཏུ་དད་པས་བདག་གིས་འབུལ། །

ཨརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད།

བསྟོད་པ་ནི།

ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །

གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །

སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །

རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །

ཞེས་ཕྱག་འཚལ་ཚིག་བཞི་བརྒྱ་ཚར་རེ་དང་ཡིག་བརྒྱ་བཟླ།

བསྡུ་ལྡང་དགོས་ན།

སྣོད་བཅུད་འོད་ཞུ་རང་ལ་ཐིམ། །

དེ་ཡང་མི་དམིགས་འོད་གསལ་ངང༌། །

 

དཔའ་མོ་སྣང་སྟོང་ཆེན་པོར་ཤར། །

མི་མཐུན་ཕྱོགས་ཀུན་སྲུང་བར་གྱུར། །

བཛྲ་རཀྵ།

བསྔོ་སྨོན་ནི།

དགེ་བ་འདི་ཡིས་མྱུར་དུ་བདག །

སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག །སོགས་བྱའོ།

 

ཞེས་པའང་འཕགས་མ་དངོས་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་བཀའ་དྲིན་ཅན་དུ་མས་བྱིན་རླབས་ཐོབ་པས་ཀློང་སྙིང་ཡུམ་བཀའ་ནང་སྒྲུབ་བདག་བསྐྱེད་རྒྱུན་ཁྱེར་དུ་ཞལ་བསྒྱུར་བ་པོ་ཚངས་སྲས་དགྱེས་པའི་རྡོ་རྗེ་མངྒ་ལས་བྲིས་པ་འགྲོ་ཀུན་སོ་སོར་ཡང་དག་རིག་པའི་བློ་གྲོས་ལ་དབང་ཐོབ་པའི་དཔལ་དུ་གྱུར་ཅིག། །།

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Tārā Sarasvatī

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept